logo

མིའི་ལུས་ཀྱི་ཆ་ཤས་འདི་ཉའི་རྣ་གཤོག་རིམ་འགྱུར་ལས་བྱུང་བ་ཡིན་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2022-06-10 ཀློག་གྲངས།:
        ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ«སྐྱེ་ཁམས་དང་རིམ་འགྱུར་གྱི་མདུན་ས»ཞེས་པའི་ནང་ཀྲུང་གོ་དང་། སུའེ་ཏེན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཚན་རིག་པའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་སྤེལ་ཏེ། མིའི་རིགས་ཀྱི་བར་རྣ་ནི་ཉའི་རྣ་གཤོག་རིམ་འགྱུར་བྱུང་ནས་གྲུབ་པ་ཐོག་མར་གསལ་སྟོན་བྱས་པ་རེད།
        རྩོམ་ཡིག་དེའི་རྩོམ་པ་པོ་དང་པོ་དང་གཉིས་པ་ནི་སོ་སོ་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་པ་ཀའེ་ཀྲི་ཁུན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུའུ་རྨིན་གཉིས་ཡིན་པ་དང་། རྩོམ་པ་པོ་གསུམ་པ་དང་བཞི་པ་ནི་སོ་སོ་སུའེ་ཏེན་ཧོང་ཅ་ཚན་རིག་ཁང་གི་ཡོན་ཧྲི་ཕུའུ·ཨའེ་རུའེ་ཁེ·ཨེར་པོ་ཀེ་དང་དབྱིན་ཇིའི་ཧོང་ཅ་ཚན་རིག་ཁང་གི་ཡོན་ཧྲི་ཧྥེ་ལི་ཕུའུ·ཏུའོ་ནུའོ་ཧོ་ཡིན།
ཀྲེ་ཅང་ཁྲང་ཞིང་ནས་རྙེད་པའི་ལོ་དུང་ཕྱུར4.38གོང་གི་ཉའི་མགོ་རུས་ཀྱི་འགྱུར་རྡོ།
        ཀའེ་ཀྲི་ཁུན་གྱིས་བརྗོད་དོན། བར་རྣ་ནི་མིའི་རིགས་ལ་ཐོས་ཚོར་རྣོན་པོ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ཞིང་། མིག་སྔར་སྦྲུམ་རྟེན་དང་འགྱུར་རྡོའི་དཔང་རྟགས་མང་པོས་མིའི་རིགས་ཀྱི་བར་རྣ་ནི་ཉ་རིགས་ཀྱི་ཆུ་ཕུད་ཁུང་བུ་རིམ་འགྱུར་བྱུང་ནས་གྲུབ་པ་ར་འཕྲོད་ཐུབ་ཡོད་ཅེས་བཤད་པ་རེད།
        འོན་ཀྱང་ཉའི་ཆུ་ཕུད་ཁུང་བུ་ནི་ཇི་ལྟར་བྱུང་བ་ཡིན་ནམ། གནད་དོན་འདིས་རིག་གཞུང་གི་སྡེ་ལ་ལོ་ངོ་བརྒྱ་ལྷག་རིང་དཀའ་ངལ་བཟོས། མཇུག་མཐར་ཚན་རིག་པས་ཀྲུང་གོའི་འགྱུར་རྡོའི་ཁྲོད་ནས་གབ་ཚིག་དེའི་ཁུངས་སྣེ་དེ་རྙེད་པ་རེད།
        “ཉེ་བའི་ལོ20ཡི་རིང་ལ། ང་ཚོའི་ཞིབ་འཇུག་ཚོགས་པས་སྔ་རྗེས་སུ་ཀྲེ་ཅང་ཁྲང་ཤིང་དང་ཡུན་ནན་ཆུས་ཅིང་དུ་སོ་སོ་ལོ་དུང་ཕྱུར4ལྷག་ཙམ་གྱི་ཉ་དང་ཉའི་རྣ་གཤོག་དང་པོའི་ནང་ཉའི་རྣ་གཤོག་གི་ཁྲག་རྩའི་རྗེས་ཤུལ་ཆ་ཚང་ཉར་བའི་ཉའི་འགྱུར་རྡོ་ཞིག་རྙེད་པས། སྒལ་ཚིགས་སྲོག་ཆགས་ཀྱི་ཆུ་ཕུད་ཁུང་བུ་ནི་ཉའི་རྣ་གཤོག་ལས་བྱུང་བར་གནད་ལ་ཁེལ་བའི་དཔྱད་ཞིབ་དང་འགྱུར་རྡོའི་དཔང་རྟགས་མཁོ་འདོན་བྱས་ཡོད”ཅེས་ཀའེ་ཀྲི་ཁུན་གྱིས་དེ་ལྟར་བཤད།
        ངོ་སྤྲོད་བྱས་པར་གཞིགས་ན། འགྱུར་རྡོ་དེ་དག་སུའེ་ཙེར་གྱི་སུའུ་ལི་ཧྲེའི་སུའེ་ཙེར་གྱི་འོད་ཁུངས་སྤྱད་ནས་གནོད་མེད་བཤར་འབེབས་བྱས་པ་རེད། དེའི་རྗེས་སུ། ཡང་རྩ་གསུམ་བསྐྱར་སྐྲུན་མཉེན་ཆས་བཀོལ་ནས་ཉའི་ཀླད་རུས་ལ་རྩ་གསུམ་རྟོག་བཟོས་སླར་གསོ་བྱས་ཏེ། ཁྱོན་བསྡོམས་ཉའི་ཀླད་རུས་འགྱུར་རྡོ་བདུན་གྱི་རྩ་གསུམ་བསྐྱར་བསྐྲུན་བྱས་པ་དང་། སེན་མོའི་ཆེ་ཆུང་ཙམ་ལས་མེད་པའི་ཀླད་རུས་ནང་དུ་ཕལ་ཆེར་ཉའི་ཀླད་ཁུལ་དང་ཚོར་ཤེས་དབང་པོ། མགོ་ཡི་དབང་རྩ་དང་ཁྲག་རྩའི་རྒྱུ་ལམ་བཅས་མངོན་པར་མཚོན་ཡོད།
འདི་ནི་ཡུན་ནན་ཆུས་ཅིན་ནས་རྙེད་པའི་ལོ་དུང་ཕྱུར4.1གོང་གི་ཉའི་འགྱུར་རྡོ་ཞིག་ཡིན་པ་དང་། ཉའི་རྣ་གཤོག་གི་ཁྲག་རྩའི་གྲུབ་ཆ་ཉར་ཡོད་པ་རེད།
          ཀའེ་ཀྲི་ཁུན་གྱིས་བརྗོད་དོན། གསར་རྙེད་འདིས་མིའི་རིགས་ཀྱི་རྣ་བ་དང་ཁའི་བརྒྱུད་ལམ་ཅིའི་ཕྱིར་མཐུད་ནས་ཡོད་པ་གསལ་བཤད་བྱས་ཡོད། དེ་དག་མཐུད་པ་ནི་ལོ་ངོ་དུང་ཕྱུར4ལྷག་ཙམ་གྱི་གོང་ཡིན་པ་སྟེ། དེ་ནི་ཉ་རིགས་ཀྱི་ཆུ་ཕུད་ཁུང་བུ་ཁ་ནང་བརྒྱུད་ནས་ཉའི་རྣ་གཤོག་ལ་རྒྱུ་བའི་འབྱིན་རྔུབ་རྒྱུ་ལམ་རེད།
          “འདི་ནི་གནའ་བོའི་ཉ་རིགས་ཀྱིས་མིའི་རིགས་ལ་བཞག་པའི་རིམ་འགྱུར་བྱུང་བའི་རྗེས་ཤུལ་ཡིན་ལ། ད་ལྟ་ང་ཚོས་དེ་ལ་རྣ་གྲེ་སྦུ་གུ་ཞེས་འབོད”ཅེས་ཀའེ་ཀྲི་ཁུན་གྱིས་དེ་ལྟར་བཤད།
འབྲེལ་ཡོད་འོས་སྦྱོར།