«ཁྲི་ཀའི་བསྡུས་སྒྲུང»རྒྱ་འགྱུར་མའི་དཔྱད་གཞིའི་དེབ་པར་དུ་སྐྲུན་པ།
རྩོམ་པ་པོ།:ཆབ་འགག་ཇོ་རུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-20
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དག་སྒྲིག་བགྱིས་པའི་རྒྱ་འགྱུར་མའི་དཔྱད་གཞིའི་དེབ«ཁྲི་ཀའི་བསྡུས་སྒྲུང»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་པར་སྐྲུན་བྱས།

«ཁྲི་ཀའི་བསྡུས་སྒྲུང»ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དྲུག་ཅུ་པར་མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་བྱས་ནས་འཚོལ་སྡུད་དང་ཡིག་སྒྱུར་བྱས་པའི་གེ་སར་སྒྲུང་གི་དཔྱད་གཞིའི་ཡིག་རིགས་ཁྲོད་ཀྱི་རྩ་ཆེའི་པར་གཞི་ཞིག་ཡིན། དཔལ་རྒྱལ(1901-1975)དང་ཝང་དབྱི་ནོན(1907-1998)གཉིས་ཀྱིས་ཡིག་སྒྱུར་བྱས། སྒྲུང་ཡིག་འདིའི་བོད་ཡིག་གི་པར་གཞི་ཐོག་མ་འཚོལ་སྡུད་བྱས་པ་དེས་མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོ་གསར་པ་དབུ་བཪྙེས་རྗེས་གེ་སར་སྒྲུང་ཡིག་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པའི་སྔ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནི་རྒྱལ་ཡོངས་ཀྱི་གེ་སར་སྒྲུང་གི་འཚོལ་སྡུད་དང་། དག་སྒྲིག ལོ་ཙཱ་སོགས་བྱ་བ་བསྒྲུབས་པའི་ཐོག་མའི་ལས་ཁུངས་སུ་གྱུར་ཡོད།
གེ་སར་སྒྲུང་གི་ཐོག་མའི་པར་གཞི་དང་ཐོག་མའི་རྒྱ་འགྱུར་མ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་དཔྱད་གཞི་སོགས་ཀྱི་རིན་ཐང་ཆེན་པོ་ལྡན། དེའི་ནང་རྒྱ་འགྱུར་མའི་དཔྱད་གཞི་སྐོར་ཞིག་ད་བར་དུ་ལེགས་སྒྲིག་དང་པར་སྐྲུན་བྱེད་ཐུབ་མེད་པས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བ་དང་། གེ་སར་སྒྲུང་གི་ཞིབ་འཇུག་དང་གནད་ཁེལ་ཡིག་སྒྱུར་བྱ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་འཆར་གཞི་ལ་རྩ་ཆེ་བའི་རྒྱ་འགྱུར་མའི་དཔྱད་གཞི་དེ་དག་མྱུར་སྐྱོབ་རང་བཞིན་གྱི་ལེགས་སྒྲིག་བྱས་ཤིང་རིམ་བཞིན་པར་དུ་བསྐྲུན་ཏེ་རྒན་རབས་སྒྱུ་རྩལ་པ་ཚོར་དྲན་གསོ་ཞུ་བ་དང་། དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་འོག་རྒན་རབས་པ་ཚོས་དཀའ་ངལ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་གེ་སར་སྒྲུང་གི་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བ་བསྒྲུབས་པའི་སྒེར་སེམས་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པའང་རེད།
འབྲེལ་ཡོད་འོས་སྦྱོར།