ལོ་དུང་ཕྱུར༢.༥ཡི་སྔོན་སྐམ་སའི་ཚེ་སྲོག་རྩ་མེད་དུ་འགྱུར་དོན་ཅི།
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲྭ་བ།
དུས་ཚོད།:2022-06-21
ཀློག་གྲངས།:
ཧ་ལམ་ལོ་དུང་ཕྱུར2.5ཡི་གོང་དུ། སའི་གོ་ལ་རུ་གཞི་ཁྱོན་ཆེ་ཤོས་ཀྱི་ཚེ་སྲོག་རྩ་མེད་ཀྱི་དོན་རྐྱེན་ཞིག་བྱུང་སྟེ། 70%ལས་བརྒལ་བའི་སྐམ་སའི་སྐྱེ་དངོས་དང90%ཡི་རྒྱ་མཚོའི་སྐྱེ་དངོས་མེད་པར་གྱུར། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲེན་ཡན་ཨན་གྱི་ཞིབ་འཇུག་གསར་ཤོས་ལྟར་ན། སྐབས་དེར་ཞི་པོ་ལི་ཡའི“ཚད་འདས་མེ་རི”ཡིས་དབྱང་གཉིས་ཟི་རྫས་འབོར་ཆེན་རླུང་ཁམས་ཆེན་མོའི་ནང་དུ་གཏོར་བ་དེས། སའི་གོ་ལའི་ཕྱི་ངོས་ལ་ཟི་སྐྱུར་ལྡན་པའི་སྐྱུར་ཆར་གྱིས་རུལ་བསླད་སོགས་ཀྱི་གནོད་འཚེ་བྱུང་བ་དང་། དེ་ནི་སྐམ་སའི་ཚེ་སྲོག་རྩ་མེད་བཟོས་པའི་རྐྱེན་གཙོ་བོ་ཡིན་ཤས་ཆེ་བར་བརྗོད།

སའི་གོ་ལའི་ལོ་རྒྱུས་སུ་དངོས་རིགས་རྩ་མེད་ཀྱི་དོན་རྐྱེན་ཐེངས5བྱུང་བ་དང་། ལོ་དུང་ཕྱུར2.5ཡི་སྔོན་གྱི་ཉིས་བརྩེགས་དུས་རབས་མཇུག་གི་སྐབས་སུ་བྱུང་བའི་ཐེངས་གསུམ་པ་དེ་ནི་ཚབས་ཆེ་ཤོས་དེ་ཡིན། སྐབས་དེར་རྒྱ་མཚོའི་ནང་གི་ལོ་གསུམ་འབུ་དང་། ཚེར་ཉ། གནའ་བོའི་བྱུ་རུ་སོགས་དང་། སྐམ་སའི་སྟེང་གི་སྲོག་ཆགས་དང་འབུ་སྲིན་མང་ཆེ་བ། རྩི་ཤིང་འབོར་ཆེན་བཅས་རྩ་མེད་དུ་སོང་བས་དུས་སྐབས་དེའི་རྡོ་སོལ་གྱི་བང་རིམ་མེད་པར་གྱུར། ཐེངས་འདིའི་ཚེ་སྲོག་རྩ་མེད་དུ་གྱུར་བའི་རྒྱུ་རྐྱེན་དང་ནང་རྐྱེན་ནི་རིག་གཞུང་ལས་རིགས་ཀྱིས་ནམ་ཡིན་ཡང་དོ་སྣང་བྱེད་ཀྱིན་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན།
ཧྲེན་ཡན་ཨན་ཞིབ་འཇུག་ཚོ་ཆུང་དང་ཕྱི་རྒྱལ་གྱི་ཞིབ་འཇུག་པས་མཉམ་ལས་བྱས་ཏེ། ཨོ་སི་ཁྲུ་ལི་ཡ་ཞི་ཉི་གཤོང་སའི་ཉིས་བརྩེགས་དུས་རབས་ནས་སུམ་བརྩེགས་དུས་རབས་ཀྱི་ས་རིམ་ལ་ཞིབ་འཇུག་བྱས་པ་དང་། རིང་ཚད་ལ་སྨི1000ལྷག་ཡོད་པའི་ས་འོག་གསོར་འབིགས་ཁུང་བུའི་དངོས་དཔེ་དང་འབྲེལ་ཡོད་ས་རིམ་ལ་ཚད་འཇལ་དབྱེ་ཞིབ་བྱས་པ་བརྒྱུད། ཞིབ་འཇུག་པས་སྐམ་སའི་སྐྱེ་དངོས་ཞི་ཉི་གཤོང་ས་ནས་རྩ་མེད་དུ་གྱུར་བའི་བང་རིམ་དང་རྩ་མེད་དུ་སོང་བའི་དུས་ཚོད་གཏན་འཁེལ་བྱུང་།
གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་ས་རིམ་གྱི་ལྕགས་གཏེར་སེར་པོ་ལ་བརྟག་དཔྱད་བྱས་ཚེ། སྐམ་སའི་སྐྱེ་དངོས་རྩ་མེད་དུ་གྱུར་བའི་སྔ་གཞུག་གི་ལྕགས་གཏེར་སེར་པོའི་མུ་ཟིའི་གནས་མཐུན་རྒྱུ་འདུས་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན། འོན་ཀྱང་རྩ་མེད་དུ་འགྱུར་བཞིན་པའི་བར་སྐབས་སུ་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད།

ཧྲེན་ཡན་ཨན་ཞིབ་འཇུག་ཚོ་ཆུང་གི་འབུམ་རམས་པ་ལི་མོང་ཧན་གྱིས། ང་ཚོས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། མུ་ཟིའི་གནས་མཐུན་རྒྱུ་རྒྱུན་ལྡན་མིན་པའི་སྣང་ཚུལ་དེ་ནི་སྐབས་དེ་དུས་ཞི་ཉི་གཤོང་སའི་མཚོ་ཆུའི་ནང་གི་མུ་ཟིའི་སྐྱུར་ཚྭའི་གར་ཚད་ཇེ་མཐོ་རུ་སོང་བ་དང་འབྲེལ་བ་ཡོད་ཅེས་བཤད། མུ་ཟིའི་ཚྭ་དེ་ནི་རླུང་ཁམས་ཆེན་མོ་ནུབ་འབབ་ལས་གྲུབ་པ་དང་། ཞི་པོ་ལི་ཡའི“ཚད་འདས་མེ་རི”འཕྱུར་བ་ལས་བྱུང་བ་རེད་ཅེས་བརྗོད།
ཞི་པོ་ལི་ཡའི“མེ་རི་ཆེན་པོ”དེ་ཉིས་བརྩེགས་དུས་རབས་ཀྱི་དུས་མཇུག་ནས་བཟུང་ལོ་ཁྲི་བཅུ་ཕྲག་ཁ་ཤས་ལ་མཚམས་མ་ཆད་པར་འཕྱུར་བས། སའི་གོ་ལའི་སྐྱེ་ཁམས་ཀྱི་མུ་སྦྲེལ་སྣང་ཚུལ་བྱུང་། ཐེངས་འདིའི་ཞིབ་འཇུག་ལས་མངོན་པ་ལྟར་ན། མེ་རི་འཕྱུར་བ་ལས་ཐོན་པའི་དབྱང་གཉིས་མུ་ཟི་སྐྱུར་ནི་ཟི་སྐྱུར་ཚྭའི་ཞུ་སྦྱིན་ལ་གྱུར་ནས་གོ་ལ་ཧྲིལ་པོར་ཁྱབ་པ་དང་། “མུ་ཟི་སྐྱུར་ཆར” ལ་གྱུར་ནས་ས་ངོས་རུལ་བསླད་ཀྱི་མ་ལག་ཅིག་ཆགས་པ་མ་ཟད། ད་དུང“འཁྱག་ཁང་ནུས་སྣང”ཡང་ཐོན་ནས་གོ་ལ་ཧྲིལ་པོ་ཇེ་འཁྱག་ཏུ་གྱུར་བ་སོགས་བྱས་ནས་སྐམ་སའི་སྐྱེ་དངོས་རྩ་མེད་དུ་གྱུར་པ་རེད།ཉེ་ཆར། ཞིབ་འཇུག་དཔྱད་འབྲས་དེ་རྒྱལ་སྤྱིའི་རིག་གཞུང་དུས་དེ«སའི་གོ་ལ་དང་རྒྱུ་སྐར་ཚན་རིག་གསར་འགྱུར»ཞེས་པའི་ཐོག་ཏུ་སྤེལ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།