རྨ་སྟོད་རྫོང་དུ“ཕ་བོང་གི་ཨར་སྐྲུན(巨石阵)”དང་འདྲ་བའི་གནའ་ཤུལ་ཞིག་རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2022-07-20
ཀློག་གྲངས།:

ཟླ7པའི་ཚེས15ཉིན། དཔའ་རིས་དང་ཁོའི་གྲོགས་པོ་གཉིས་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཞང་ཁོངས་སུ་མྱུལ་ཞིབ་གནས་སྐོར་བྱེད་སྐབས། ཀླུ་ནག་ལུང་བ་ཞེས་པའི་ས་ཆ་ནས་ངོ་མཚར་ཆེ་ཞིང་རྔམ་བརྗིད་ལྡན་པའི“ཕ་བོང་གི་ཨར་སྐྲུན(巨石阵)”དང་འདྲ་བའི་གནའ་ཤུལ་ཞིག་རྙེད་པ་དང་། གནས་དེའི་ཕ་བོང་རྣམས་བསྣོལ་མར་བརྩིགས་པའི་རྡོ་ར་ལྟར་ཡོད་པར་མ་ཟད། ད་དུང་སྒོ་དབྱིབས་ཐོག་གི་གཞུ་དབྱིབས་གདུང་མའང་འདུག ཕ་བོང་དེ་དག་ལས་ཆེས་ཆེ་བ་ལ་སྨི་ལྔ་དྲུག་ཙམ་ཡོད་པ་རེད།

དཔའ་རིས་ལགས་ནི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ཡིན་ཞིང་། རྒྱུན་ལྡན་གྱི་དགའ་ཕྱོགས་ཆེས་ཆེ་བ་ནི་ས་ཆ་མང་པོར་མྱུལ་ཞིབ་གནས་སྐོར་དུ་སོང་སྟེ་ཁྱད་ཆོས་འབུར་ཐོན་གྱི་ས་ཆ་རྣམས་ཡི་གེའམ་ཡང་ན་པར་རིས་ཀྱི་རྣམ་པ་ལྟར་ཟིན་ཐོར་འགོད་པ་དེ་ཡིན། ཐེངས་འདིར་མཐོང་བའི་ཕ་བོང་རྣམས་དང་དེ་དག་གི་ཆགས་དབྱིབས། གྲུབ་ཚུལ་བཅས་ནི་ཡིག་ཆར་བཀོད་པའི“ཕ་བོང་གི་ཨར་སྐྲུན”ཞེས་པ་དང་ཧ་ཅང་འདྲ་བ་རེད།

དཔའ་རིས་ཀྱིས་མཚམས་སྦྱོར་བྱས་པར་གཞིགས་ན། “ཕ་བོང་གི་ཨར་སྐྲུན”འདི་ཡོད་ས་དང་རྨ་སྟོད་རྫོང་མཁར་གྱི་བར་དུ་སྤྱི་ལེ100ལྷག་གི་ལམ་ཐག་ཡོད་ཅིང་། མཚོ་འཕགས་སྨི་ལྔ་སྟོང་ཙམ་ཡོད་པའི་ཀླུ་ནག་ལུང་བར་ཐོན་རྗེས། མུ་མཐུད་དུ་རི་མགོ་ལ་འགོས་ཏེ་མཚམས་ངེས་ཅན་ཞིག་ཏུ་བསླེབས་ན། འགྱེང་སྟབས་སུ་ཡོད་པའི་ཕ་བོང་རྣམས་མཐོང་བ་དང་། བརྗིད་ཆགས་པར་ཡོད་པའི་ཕ་བོང་དེ་དག་གིས་མི་སེམས་ལ་གཡོ་འགུལ་ཐེབས་པའི་ཚོར་བ་ཞིག་སྟེར་བ་རེད།

དཔའ་རིས་ཀྱིས་བླངས་པའི་ཡུལ་དངོས་པར་རིས་ཀྱི་ནང་དུ། ཕ་བོང་འདི་དག་ནི་ཡར་ལངས་པའི་བྲག་རྡོ་དང་འདྲ་ཞིང་། རྡོ་དྲེག་ཆགས་པའི་རྡོ་རི་དེ་གྲལ་འགྲིག་པོར་ཡོད་པ་དང་། ལྗིད་ཚད་ལ་ཏུན་འགའ་ཤས་ཡོད་པའི་ཕ་བོང་རྣམས་འཕྲེད་གཞུང་བསྣོར་མར་ཡོད་པ་ལས་རྡོ་ར་མཐུག་པོ་ཞིག་ཆགས་ཡོད་པར་མ་ཟད། ད་དུང་སྒོ་དབྱིབས་ཐོག་གི་གཞུ་དབྱིབས་གདུང་མའང་ཡོད། འཕྲེད་གཞུང་བསྣོལ་ཡང་གོ་རིམ་ལྡན་པའི་ཕ་བོང་ཚོགས་ཀྱི་ནང་གི་ཁ་ཤས་ནི་སྡོད་ཁང་གི་རྩིག་རྨིང་དུ་བཏིངས་པའི་རྡོ་ལེབ་ཆེན་པོ་ལ་འདྲ་ཞིང་། ཁ་ཤས་ནི་ཟ་མ་གཡོས་སྦྱོར་གྱི་རྡོའི་སླ་ང་ཆེན་པོ་ཞིག་དང་འདྲ།

“ཕ་བོང་གི་ཨར་སྐྲུན”འདི་ནི་ཕལ་ཆེར་རྩིག་བཟོ་ལ་མཁས་པ་ཞིག་གིས་རྡོ་རིམ་པ་དང་འདམ་བག་རིམ་པ་བཞིན་བརྩིགས་པ་ལྟར་ཡོད་ཅིང་། སྨི་གྲུ་བཞི་མ་བརྒྱ་ཕྲག་འགའ་ཡོད་པའི་རྡོ་དང་རྡོ་གཞི་གཅིག་ལ་འདྲེས་ཏེ་རི་བོ་དང་གཟུགས་གཅིག་ཏུ་ཆགས་ཡོད། རྣམ་པ་སྣ་ཚོགས་ཀྱི་ངོ་མཚར་བྲག་རྡོ་དེ་དག་ལ་ཞིབ་མོར་བལྟས་ཏེ་རོལ་མྱོང་བྱས་ན། བསྔགས་བརྗོད་ཀྱི་ཚིག་རང་བཞིན་དུ་ཤོར་བ་དང་། ས་སྟོང་ལུང་སྟོང་གི་ཁྲོད་དུ་རྒས་མདོག་དང་རྙིང་གཤིས་ལྡན་བཞིན་མི་སེམས་ལ་གཡོ་འགུལ་ཐེབས་སུ་འཇུག གལ་ཏེ། ཕ་བོང་གི་ཚོགས་དེ་ལ་སྐོར་བ་ཞིག་བྱེད་ན། ཕལ་ཆེར་སྐར་མ་ཉི་ཤུ་སུམ་ཅུ་ཙམ་དགོས།

“བརྗིད་ཆགས་ལྷུན་གྲུབ”ཀྱི་ཕ་བོང་འདི་དག་གང་ནས་ཡོང་བ་དང་། མི་ལས་ཆེ་བའི་ཕ་བོང་འདི་དག་གི་ལྗིད་ཚད་ལ་ཏུན་བརྒྱ་ཕྲག་འགའ་ཡོད་དམ། ད་ལྟའི་བར་དུ་ལོ་ག་ཚོད་འགོར་ཡོད་དམ། ཕ་བོང་གི་ཚོགས་འདི་ནི་ངག་རྒྱུན་ནང་གི་གོ་ལ་གཞན་པའི་མིའི་ཤུལ་དངོས་ཏེ“ཕ་བོང་གི་ཨར་སྐྲུན”ཞེས་པ་ཡིན་ནམ། ཕ་བོང་འདི་དག་གི་བྱུང་ཚུལ་སྐོར་ལ་གསང་བ་ལྐོག་གྱུར་གྱི་ངག་རྒྱུན་ཞིག་མེད་དམ་ཞེས་པའི་དོགས་གཞི་རབ་དང་རིམ་པ་ཞིག་ཡོད་པ་ལ་དམིགས་ཏེ། གསར་འགོད་པས་འབྲེལ་ཡོད་ཆེད་མཁས་པར་འདྲི་རྩད་བྱས་པ་ན། ཆེད་མཁས་པས་རྡོ་འདི་དག་གང་ནས་ཡོང་བ་དང་། རྒྱུ་ཆ་ཅི་ཞིག་ཡིན་པ། ཉེ་འཁོར་གྱི་ས་གཤིས་འགྱུར་ལྡོག་ལ་འབྲེལ་བ་ཡོད་དམ་མེད། གོ་ལ་གཞན་པའི་མིས་བསྐྲུན་པ་ཡིན་ནམ་རང་ས་ཆའི་མིས་བསྐྲུན་པ་ཡིན་མིན་སོགས་ལ་ད་དུང་དུས་ཚོད་དང་རྟོག་ཞིབ་ཚད་འཇལ་གྱི་བྱ་བ་མང་པོ་སྤྱད་ནས་རེ་རེ་བཞིན་གསལ་བཀྲོལ་བྱ་དགོས་ཞེས་བསྟན་པ་རེད།
འབྲེལ་ཡོད་འོས་སྦྱོར།