logo

མཚོ་བོད་ཚན་ཞིབ་སྟེ། ཞང་ཞུང་གི་རྒྱལ་སའི་རྗེས་ཤུལ་དོན་ངོ་མར་གང་ན་ཡོད།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2022-08-16 ཀློག་གྲངས།:
        རྒྱ་བོད་ཡིག་ཚང་གཉིས་སུ་བཀོད་ཡོད་པའི་མདོ་དབུས་མཐོ་སྒང་གི་ས་རྒྱ་ཆེ་ཞིང་ཤན་ཤུགས་ཆེན་པོ་ཡོད་མྱོང་བའི་ཚོ་བའི་མནའ་འབྲེལ་ལམ་རྒྱལ་ཁབ་སྟེ། ཞང་ཞུང་གི་འབྲེལ་ཡོད་ལོ་རྒྱུས་རིག་གནས་དང་གནའ་རྫས་རྟོག་ཞིབ་ལ་དུས་ཡུན་རིང་པོར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཡིན་ནའང་། ཞང་ཞུང་གི་རྒྱལ་ས་སྟེ་ཁྱུང་ལུང་དངུལ་མཁར་གྱི་ས་ཁམས་གནས་ཡུལ་གང་ན་ཡོད་པ་སྔར་ནས་བཟུང་ཐག་གཅོད་མཐའ་འཁྱོལ་ཞིག་བྱས་མེད། གླང་ཆེན་ཁ་འབབ་འགྲམ་ངོགས་ཀྱི་མཁར་གདོང་རྗེས་ཤུལ་དང་ཆོས་ལུང་རྗེས་ཤུལ་གཉིས་ལ་རིག་གཞུང་སྡེ་རུ་ཞང་ཞུང་གི་རྒྱལ་ས་ཡིན་ཚུལ་གྱི་རྒྱབ་སྐྱོར་བྱེད་ཚད་ངེས་ཅན་ཞིག་ཡོད།
        2022ལོའི་དབྱར་དུས་ཀྱི་ཚན་ཞིབ་ལས་འགན་ལག་བསྟར་བྱེད་པའི་ཀྲུང་གོའི་མདོ་དབུས་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི“མིའི་རིགས་འཚོ་སྡོད་ཀྱི་ལོ་རྒྱུས་དང་དེའི་ཤུགས་རྐྱེན”ཡན་ལག་རུ་ཁག་ཉེ་ཆར་མཁར་གདོང་རྗེས་ཤུལ་དང་ཆོས་ལུང་རྗེས་ཤུལ་གཉིས་སུ་སོང་ནས། “མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ལ་ཕྱོགས་བསྡུས་རྟོག་ཞིབ”ཀྱི་བྱ་བ་སྤེལ་ཏེ། འབྱུང་འགྱུར་གྱི་ཞང་ཞུང་རིག་གནས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལ་རྨང་གཞི་བཏིངས།
        ཚན་ཞིབ་རུ་མི་དང་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འབུམ་རམས་པ་ཀྲང་ཏི་ཡིས་མཚམས་སྦྱོར་བྱས་ན། ཞང་ཞུང་རིག་གནས་ནི་ཕལ་ཆེར་ལོ3500ཡི་སྔོན་ལ་ཀྲུང་གོའི་བོད་ལྗོངས་ནུབ་རྒྱུད་ཀྱི་གླང་ཆེན་ཁ་འབབ་དང་སེང་གེ་ཁ་འབབ་ཀྱི་བཞུར་ཁོངས་སུ་བྱུང་བ་དང་། ཕྱུགས་ལས་དཔལ་འབྱོར་གཙོ་བོ་ཡིན་པ་དེ་དཔེར་ན་བྱང་ཐང་རྩྭ་ཐང་གི་ཕྱུགས་གཉེར་འཚོ་བ་རོལ་སྟངས་དང་འདྲ་ཞིང་། ཆུ་བོ་དང་མཚེའུ། གཞོང་སའི་གནས་སུ་གཞི་རྒྱ་ངེས་ཅན་གྱི་ཕྱུགས་གཉེར་གཏན་སྡོད་བྱས་ཏེ་ནས་སོགས་འདེབས་འཛུགས་བྱེད་བཞིན་ཡོད། ཞང་ཞུང་རྒྱལ་རབས་ལོ1000ཙམ་གྱི་རིང་ལ་གནས་ཐུབ་པར་མ་ཟད། ད་དུང་འོད་སྟོང་འབར་བའི་མཐོ་སྒང་ཤེས་རིག་ཅིག་ཀྱང་དར་ཡོད་པ་དང་། མཐར་དུས་རབས་བདུན་པའི་སྐབས། བོད་བཙན་པོ་རྒྱལ་རབས་ཀྱིས་མངའ་འོག་ཏུ་བསྡུས་པ་རེད།
        མཁར་གདོང་རྗེས་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་མོན་འཚེར་ཞང་གི་ཁོངས་ཀྱི་གླང་ཆེན་ཁ་འབབ་འགྲམ་ངོགས་ཀྱི་རི་སྒང་ཞིག་གི་རྩེ་ན་ཡོད་ཅིང་། མཚོ་འཕགས་ལ་སྨི4300ཙམ་ཡོད་པ་དང་། གཞི་རྒྱ་ཅུང་ཆེ་བའི་འདུས་སྡོད་རྗེས་ཤུལ་ཞིག་ཡིན། ད་སྐབས། བཟོ་བཀོད་རྗེས་ཤུལ་བརྒྱ་ཕྲག་ཙམ་རྙེད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི13ཙམ་ཡོད། ལོ་བརྟག་དཔྱད་འབྲས་སུ་དུས་རབས4ནས7གྱི་བར་ཡིན་པ་དང་། ཕལ་ཆེར་ཞང་ཞུང་རྒྱལ་རབས་ཀྱི་དུས་མཇུག་སྐབས་ཡིན་པ་རེད། དེ་སྔོན། གནའ་རྫས་རྟོག་ཞིབ་རིག་པའི་མཁས་པ་ཡིས་ཚོད་ལྟའི་ངང་སྔོག་འདོན་བྱས་པ་བརྒྱུད། རྗེས་ཤུལ་དེ་ནས་སྲོག་ཆགས་ཀྱི་ཤུལ་དངོས་སྐོར་ཞིག་རྙེད་པ་དང་། བརྟག་འཇལ་བྱས་ན། ནོར་གནག་དང་ར་མ། ལུག་སོགས་ཡོད་ཅིང་། དེ་ཚང་མ་རྗེས་ཤུལ་གྱི་སྔ་རབས་པས་ཁྱིམ་ནས་སྐྱོང་བའི་ཕྱུགས་རིགས་ཡིན་པ་རེད། རྗེས་ཤུལ་གྱི་སྐྱེ་དངོས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་དང་ཟུང་འབྲེལ་བྱས་ན། མཁར་གདོང་གི་སྔོན་རབས་པ་ནི་ཞིང་ཕྱུགས་ཟུང་འབྲེལ་གྱི་གཏན་སྡོད་འཚོ་བ་རོལ་སྟངས་ཤིག་ཡིན་པ་རེད།
        ཆོས་ལུང་རྗེས་ཤུལ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་མདའ་འབབ་ཞང་ཁྱུང་ལུང་གྲོང་ཚོའི་ནུབ་ཀྱི་སྤྱི་ལེ་གསུམ་གྱི་མཚམས་ན་ཡོད་ཅིང་། གཙོ་བོ་ནི་གླང་ཆེན་ཁ་འབབ་སྟོད་རྒྱུད་ཀྱི་ལྷོ་བྱང་གླེ་ཐང་དང་ཆུ་ཤུར། གྲུ་རི་བཅས་འདུས་པའི་གནས་སུ་ཡོད་པ་དང་། ཆ་སྙོམས་མཚོ་འཕགས་སྨི4350ཙམ་ཡིན། ཡུལ་དངོས་སུ་ཐིག་ལེན་ཚད་འཇལ་ངང་རྩིས་རྒྱག་བྱས་པར་གཞིགས་ན། རྗེས་ཤུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ10ཙམ་ཡོད་པ་དང་། རྗེས་ཤུལ་དུ་ཕུག་དོང་དང་ཕོ་བྲང་། སྡོང་ཁང་། ལྷས་ར་སོགས་ཡོད་ཅིང་། དེའི་ནང་དུ་ཕུག་དོང་བཟོ་བཀོད་ནི་རྗེས་ཤུལ་དེ་རུ་ཆེས་མང་བ་ཡིན་པ་དང་། བེད་སྤྱོད་དུས་ཡུན་ཅུང་རིང་བ་རེད། 2018ལོའི་ཟླ7པ་ནས9པའི་བར། ཆོས་ལུང་རྗེས་ཤུལ་གྱི་ལྟེ་བའི་ཁུལ་ཏེ་ཁྱུང་ལུང་ས་ཆར་གནའ་རྫས་རྟོག་ཞིབ་སྔོག་འདོན་ཐེངས་དང་པོ་བྱས་པ་ན། རྫ་ཆས་དང་རྡོ་ཆས། ལྕགས་ཆས། ཤིང་ཆས། ཟངས་ཆས། ཀོ་བ། འཚེམ་དྲུབ་སོགས་ཀྱི་ཤུལ་དངོས་དང་། སྲོག་ཆགས་དང་སྐྱེ་དངོས་རིགས་སྣ་ཚོགས་ཀྱི་ཤུལ་དངོས་ཐོན་ཞིང་། དེའི་ནང་གི་སྐྱེ་དངོས་ཤུལ་དངོས་ལ་གཞི་རྩའི་ཆ་ནས་ཐཱན་འགྱུར་བྱུང་མེད་པ་རེད། རྗེས་ཤུལ་དེ་རུ་སོ་བ་རྙེད་པར་མ་ཟད། ད་དུང་འབྲས་སོའི་ཤུལ་དངོས་ཀྱང་རྙེད་པ་དང་། སྔ་མ་ནི་དུས་རབས3ནས4ཡི་བར་གྱི་ཡིན་ཞིང་། ཕྱི་མ་ནི་དུས་རབས18པའི་ཡས་མས་ཀྱི་ཤུལ་དངོས་ཡིན་པ་རེད།
        མཁར་གདོང་རྗེས་ཤུལ་དང་ཆོས་ལུང་རྗེས་ཤུལ་གཉིས་ལ་ཕྱོགས་བསྡུས་རྟོག་ཞིབ་བྱས་པ་བརྒྱུད། ཚན་ཞིབ་རུ་མི་སྐོར་ཞིག་གིས་མཁར་གདོང་རྗེས་ཤུལ་ནི་ཞང་ཞུང་གི་དམག་དོན་སྒྲིག་བཀོད(རྒྱལ་ས་གཉིས་པ)ཅིག་ཡིན་ཤས་ཆེ་བ་དང་། ས་བབ་ཀྱི་ཁོད་ཅུང་སྙོམས་པའི་ཆོས་ལུང་རྗེས་ཤུལ་ནི་རྒྱལ་ས་ཡིན་ཤས་ཆེ་བར་མ་ཟད། ད་རུང་རྗེས་ཤུལ་དེ་གཉིས་དུས་སྐབས་མི་འདྲ་བའི་ནང་ལ་ཞང་ཞུང་གི་རྒྱལ་ས་བྱས་མྱོང་ཤས་ཆེ་བར་ཡང་འདོད་པ་རེད།
        ཐེངས་འདིའི་ཚན་ཞིབ་ཡན་ལག་རུ་ཁག་གི་དབུ་བཞུགས་ཚན་རིག་པ་དང་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་བ་སྟེ་ཡོན་ཧྲི་ཁྲེན་ཧྥ་ཧུའུ་ལགས་ཀྱིས་ཞང་ཞུང་གི་རྒྱལ་ས་ནི་ངེས་པར་དུ་བློས་གཏད་རུང་བའི་གནའ་རྫས་རྟོག་ཞིབ་ཀྱི་དཔང་དངོས་རྨང་གཞི་བྱས་ཏེ་གང་དུ་ཡོད་པ་གཏན་འཁེལ་བྱ་དགོས་ཞེས་བསྟན་པར་མ་ཟད། ད་དུང་ཞང་ཞུང་རིག་གནས་ཀྱིས་མདོ་དབུས་མཐོ་སྒང་རིག་གནས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་དང་། ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་གི་རྣམ་པ་ལ་ངོས་འཛིན་ཇེ་ཟབ་དང་མི་རིགས་རིག་གནས་ཀྱི་རང་རྟོན་ཇེ་ཆེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན། མདོ་དབུས་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་སོགས་ལ་དོན་སྙིང་གལ་ཆེན་ཡོད་ཅེས་ཀྱང་ནན་བཤད་བྱས།
འབྲེལ་ཡོད་འོས་སྦྱོར།