༄༅། །ན་གོར་མོ་གྲོང་ཁྱེར་གྱིས་གཅིག་བསྡུས་ལོགས་བཀར་ཁང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ༨པའི་ཚེས༢༣ཉིན་བཀོལ་སྤྱོད་བྱེད་པར་བརྩོན་ལེན་བྱས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-23
ཀློག་གྲངས།:
པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་རིགས་བགར་ཏེ་གསོ་བཅོས་སྔར་ལས་ཡག་པོ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་ཀྱི་སྡེབ་སྒྲིག་ཇེ་ལེགས་སུ་བཏང་ནས། སྨན་བཅོས་ཐོན་ཁུངས་བཀོལ་སྤྱོད་ཀྱི་ལས་ཆོད་མཐོ་རུ་གཏོང་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་གཅིག་བསྡུས་ལོགས་བཀར་ཁང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ8པའི་ཚེས23ཉིན་བཀོལ་སྤྱོད་བྱེད་པར་བརྩོན་ལེན་བྱས།

ཟླ8པའི་ཚེས20ཉིན་གྱི་ཞོགས་པར། ན་གོར་མོ་གྲོང་ཁྱེར་གྱིས་གཞིས་ཁུལ་གསར་བ་རུ་ཐོག་ཁང་རིམ་པ་གསུམ་ཅན་གྱི་གཅིག་བསྡུས་ལོགས་བཀར་ཁང་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། མིག་སྔར། འཛུགས་སྐྲུན་བྱ་བ་མགྱོགས་མྱུར་ངང་དངོས་སུ་སྒྲུབ་བཞིན་ཡོད། འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས། ལོགས་བཀར་མི་སྣ265འདུག་སའི་མལ་ཁྲི་ཡོད་ལ། ཟླ8པའི་ཚེས23ཉིན་འཛུགས་སྐྲུན་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ལོགས་བཀར་ཁང་འཛུགས་སྐྲུན་བྱས་པ་འདིས་གཅིག་བསྡུས་ལོགས་བཀར་མི་སྣ་བསྡུ་བཅོས་མང་དུ་བཏང་ཞིང་། ངེས་བསྡུ་མྱུར་ལེན་བྱེད་པ་དང་ངེས་བཅོས་མྱུར་བཅོས་བྱེད་པའི་ནུས་པ་མཐོ་རུ་བཏང་།

འཛུགས་སྐྲུན་ཡུལ་དངོས་སུ། གསར་འགོད་པས་བཟོ་བ་རྣམས་ཀྱིས་བྲེལ་འཚུབ་ངང་ཆུ་གློག་སྒྲིག་འཇུག་དང་ཁྲུས་གཞོང་བརྗེ་སྤོར། མལ་ཁྲི་སྒྲིག་བཟོ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་ཞིང་། ཁོ་ཚོས་དུས་ཚོད་ཉེར་བཞིའི་རིང་ལ་འཛུགས་སྐྲུན་མཚམས་མ་བཞག་པར། བདེ་འཇགས་དང་སྤུས་ལེགས། ནུས་མཐོ་བཅས་ཀྱི་གཅིག་བསྡུས་ལོགས་བཀར་ཁང་འཛུགས་སྐྲུན་ལས་གཞིའི་འགན་འཁྲི་དང་དུ་བླངས།
ན་གོར་མོ་གྲོང་ཁྱེར་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་འགོ་གཙོ་གཞོན་པ་ཏུང་ཧྲིན་ཧྥུའུ་ཡིས་བཤད་རྒྱུར། ལས་གཞི་འདི་འཛུགས་སྐྲུན་གྱི་དུས་ཡུན་ལ་མཚོན་ན་ཚེས20ཉིན་ནས་ཚེས23ཉིན་སྟེ། ཉིན་གསུམ་གྱི་དུས་ཚོད་ཡིན་པས། ང་ཚོས་རིམས་འགོག་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར། དུས་ཚོད་ཉེར་བཞིའི་རིང་ལ་ལས་སྣོན་བྱས་ཏེ་རིམས་ནད་མཆེད་འགྲོས་ལ་བསྟུན་ནས་དུས་ཚོད་དམ་འཛིན་སྒོས་འགན་འཁྲི་དང་དུ་བླངས་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། གཅིག་བསྡུས་ལོགས་བཀར་ཁང་གིས་གཟབ་ནན་སྒོས་ཁུལ་གསུམ་དང་བགྲོད་ལམ་གཅིག་གི་རྩ་དོན་ལྟར། གཙང་འཁྲུས་ཁུལ་དང་འབག་བཙོག་ཁུལ། ཕྱེད་འབག་བཙོག་ཁུལ་བཅས་བཀོད་སྒྲིག་བྱས་ཤིང་། དེ་མིན་ད་དུང་སྨན་བཅོས་མི་སྣ་དང་ལོགས་བཀར་མི་སྣའི་ཆེད་བགྲོད་ཁང་སྒྲིག་འཛུགས་བྱས་ཡོད། སྣོལ་ནས་འགོས་པའི་ཉེན་ཁ་ལ་གཡོལ་ཆེད། འབག་བཙོག་ཕྱིར་འབུད་ཀྱི་མ་ལག་སྒྲིག་འཇུག་བྱས་ཡོད་པར། འཚོ་བའི་གད་སྙིགས་ལ་དུག་སེལ་མང་དུ་བྱས་ནས་ཕྱིར་འབུད་བྱས་ཆོག་ལ། འདིས་ནད་དུག་འགོག་པ་དང་འགོས་ཁྱབ་ལ་ཕན་ནུས་ལྡན། སྡོད་ཁང་ནང་དུ་ཆེད་དུ་རླུང་རྒྱུ་ཐུབ་པའི་རླུང་སྒོ་སྒྲིག་འཇུག་བྱས་ཡོད་པར། མཁའ་དབུགས་འགྲོ་རྒྱུག་ལ་ཁག་ཐེག་བྱེད་ཐུབ། མིག་སྔར། བཟོ་བ་རྣམས་ཀྱིས་སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་ལ་འབད་དེ། ཟླ8པའི་ཚེས23ཉིན་བཀོལ་སྤྱོད་བྱེད་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།