logo

༄༅། །ཐེམ་ཆེན་རྫོང་དུ་ལུག་ཁྱུ་བྲག་རོང་དུ་ལྷུང་བ་མེ་ཟོན་སྡེ་ཁག་གིས་མྱུར་སྐྱོབ་བྱས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-24 ཀློག་གྲངས།:
        ཉེ་ཆར། མཚོ་ནུབ་ཁུལ་མེ་ཟོན་མྱུར་སྐྱོབ་རོགས་སྐྱོར་བཀོད་འདོམས་ལྟེ་གནས་སུ་ཉེན་བརྡ་འབྱོར་བ་ལྟར་ན། ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་གོར་མའི་ནགས་ཚལ་སྤྱི་གླིང་དུ་ལུག་ལྔ་བྲག་རོང་དུ་ལྷུང་ནས་ཡོང་མི་ཐུབ་པར་གྱུར་ལ། དུས་ཚོད་ཉིན་གསུམ་འགོར་སོང་བ་བསྟན།
        ཉེན་བརྡ་འབྱོར་རྗེས། མེ་ཟོན་ཡན་ལག་རུ་ཁག་གིས་མྱུར་དུ་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་བྱང་ལམ་གྱི་མེ་ཟོན་མྱུར་སྐྱོབ་ས་ཚུགས་ལ་འབྲེལ་བ་བྱས་ཏེ། མྱུར་སྐྱོབ་རླངས་འཁོར་གཉིས་དང་རོགས་སྐྱོར་མི་སྣ་བཅུ་ཡུལ་དངོས་སུ་རོགས་སྐྱོར་དུ་མངགས་ནས་མྱུར་སྐྱོབ་བྱས།
        ས་བབ་བྲག་འགག་ཡིན་པས། མྱུར་སྐྱོབ་རླངས་འཁོར་ཡུལ་དངོས་སུ་བགྲོད་དཀའ་མོད། ཡིན་ཡང་མྱུར་སྐྱོབ་མི་སྣས་རོགས་སྐྱོབ་མི་སྣ་བཀོད་སྒྲིག་བྱས་ཤིང་། མྱུར་སྐྱོབ་སྒྲིག་ཆས་ལག་དང་རྒྱབ་ཏུ་འཁུར་ཏེ་ས་ལེ་དབར་སྤྱི་ལེ་གཅིག་གི་མཚམས་སུ་རྐང་ཐང་དུ་ཕྱིན་པར་བྲག་རོང་དུ་ལྷུང་ཡོང་པའི་ལུག་ཁྱིའི་གམ་དུ་བསླེབས།
        བདེ་བཤེར་མི་སྣས་ཡུལ་དངོས་ཀྱི་ས་དབྱིབས་ལ་དཔྱད་དཔག་ལེགས་པོ་བྱས་རྗེས་བཀོད་འདོམས་ལྟར་ལུག་ཁྱུ་མྱུར་སྐྱོབ་ཀྱི་ལས་ཀ་བྱེད་མགོ་བརྩམས་ཤིང་། མྱུར་སྐྱོབ་མི་སྣས་བྲག་གཡང་དུ་སྐྱོབ་ཐག་ཐུར་དུ་དཔྱང་ནས་རང་ཉིད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་པའི་ཆ་རྐྱེན་འོག་ལུག་ཁྱུ་ཡོད་སར་སྐྱོབ་ཐག་དཔྱང་ནས་ལུག་རེ་རེ་ཐག་པས་བསྡམས་ནས་ཡར་འཐེན་ཞིང་བདེ་འཇགས་གནས་སུ་བཞག  དུས་ཚོད་སྐར་མ40རིང་གི་བྲེལ་འཚུབ་ཀྱི་མྱུར་སྐྱོབ་འོག གཡང་གཟར་དུ་ལྷུང་བའི་ལུག་ལྔ་བོ་བདེ་བླག་ངང་སྐྱོབ་ཐུབ་པར་བྱུང་བ་མ་ཟད། ལུག་རྣམས་བདག་པོར་སྤྲད།
        འདིར་མེ་ཟོན་སྡེ་ཁག་གིས་གསལ་འདེབས་ཞུ་རྒྱུར། རང་གི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཆེད་དུ། འབྲོག་པ་མང་ཚོགས་ཀྱིས་ལུག་དང་ནོར་སོགས་འཚོ་སྐྱོང་གི་སྐབས་སུ་ས་བབ་བྲག་གཟར་དང་གྲོག་རོང་སོགས་ཉེན་ཁ་ཆེ་བའི་ས་ཆ་རུ་འཚོ་སྐྱོང་མི་བྱེད་རྒྱུ་མཁྱེན་ལ། གལ་ཏེ་ཕྱུགས་འཚོ་སྐབས་གློ་བུར་བའི་དོན་རྐྱེན་ལ་འཕྲད་ཚེ། མྱུར་དུ119ལ་ཉེན་བརྡ་བརྒྱབ་ནས་རོགས་སྐྱོར་དུ་འབོད་དགོས།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།