༄༅། །གཏེར་ལམ་རྫོང་གིས་རིམས་འགོག་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྟོད་གླུ་མཉམ་ལེན་བྱས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-06
ཀློག་གྲངས།:
བསྟུད་མར་ཉིན་འགའི་རིང་ལ། ཛ་དྲག་གི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏོད་པའི་བྱ་བའི་ཁྲོད། མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དཔུང་པ་མཉམ་གཤིབ་དང་གཅིག་སེམས་གཅིག་ལ་གཏད་པ། དཀའ་སྡུག་མཉམ་སྤྱོད་བྱས་ཏེ། སེ་འབྲུ་ལྟར་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་། གསོན་ཉམས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གཏེར་ལམ་ས་ཆར་བྲིས་ཏེ། རིམས་ནད་འགོག་སྲུང་གི་ལྕགས་རི་བཙུགས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྟོད་གླུ་མཉམ་ལེན་བྱས།

རིམས་ནད་བྱུང་རྗེས། མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་རིམ་པ་སོ་སོའི་ཏང་ཨུས་རིམས་ནད་འགོག་སྲུང་གི་འགན་འཁྲི་བརྟན་པོ་དང་དུ་བླངས་ཤིང་། སེམས་ཤུགས་གཅིག་སྒྲིལ་ལ་བརྟེན་ནས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པ་དང་། སྨན་བཅོས་མི་སྣས་ཡུལ་དངོས་སུ་ཚེ་སྲོག་སྐྱོབ་པར་ཤུགས་བརྒྱབ། སྤྱི་བདེ་ཉེན་རྟོག་པས་བདེ་འཇགས་སྲུང་ཞིང་། སྡེ་ཁུལ་གྱི་ལས་བྱེད་མི་སྣས་ལས་རེས་ལས་རྐང་བརྟན་པོར་སྲུང་ནས། ཉིན་མཚན་ཀུན་དུ་གྲ་སྒྲིག་ལ་བྲེལ་བཞིན་ཡོད་ལ། གསར་འགྱུར་གསར་འགོད་མི་སྣས་དཀའ་བ་ཡོད་ཚད་གདོང་གིས་བསུས་ཏེ་ཡུལ་དངོས་གནས་ཚུལ་བརྙན་པར་ཡིག་གསུམ་དུ་ཕབ་ནས་རྒྱལ་ཡོངས་མང་ཚོགས་ལ་དུས་ཐོག་ཞབས་ཕྱི་སྒྲུབ་བཞིན་ཡོད།

དེ་མིན་ད་དུང་རྒྱ་ཆེ་བའི་དང་བླངས་པ་རྣམས་ཀྱིས་ཁུ་སིམ་པོའི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་རང་ནུས་ཀྱིས་ཞབས་ཕྱི་བསྒྲུབས་ཤིང་མི་སེམས་སྒུལ་བའི་གཏམ་རྒྱུད་བསྐྲུན། ཏང་ཡོན300དང་སྤྱི་བདེ་ཉེན་རྟོག་པ112ཀྱིས་གྲུབ་པའི་རོགས་སྒྲུབ་རྩ་འཛུགས་ཀྱིས་རང་ཉིད་ཀྱི་སྦྱོར་བ་དངོས་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་སྙིང་སྟོབས་དང་སྔོན་ཐོན་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཤིང་། མཉམ་དུ་སེམས་པ་མི་རིགས་མཐུན་སྒྲིལ་དང་མཉམ་འབྲེལ་མཉམ་འགོག མང་ཚོགས་འགོག་བཅོས་བཅས་ཀྱི་ཚེ་སྲོག་བདེ་འཇགས་མཉམ་བསྐྲུན་བྱས།

ཕྱོགས་ཡོངས་ནས་རིམས་ནད་འགོག་སྲུང་གི་གཡུལ་འཐབ་ལས་རྣམ་པར་རྒྱལ་ཆེད། དབུས་ལམ་རྫོང་དང་ཐེམ་ཆེན་རྫོང་སོགས་སྤུན་ཟླ་རྫོང་གིས་རོགས་སྐྱོར་སྨན་བཅོས་མི་སྣ་གཏེར་ལམ་རྫོང་དུ་མངགས་ཏེ། མྱུར་དུ་ཉིང་སྐྱུར་བཤེར་འཇལ་དང་མི་སྣ་རྩིས་བཤེར། ནད་དཔེ་སྐྱེལ་སྤོ་དང་གསོ་བཅོས་སོགས་ཀྱི་བྱ་བར་འཇུས་ཤིང་། གཏེར་ལམ་མི་དམངས་དང་མཉམ་དུ་རིམས་ནད་འགོག་སྲུང་ལ་འཐབ་རྩོད་བྱས་ཏེ་དཀའ་ཁག་མཉམ་སེལ་བྱས་ལ། ཕྱོགས་གཅིག་ལ་དཀའ་ཁག་བྱུང་ཚེ། ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་མངོན་པར་མཚོན་ཏེ། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་རིམས་ནད་འཐབ་རྩོད་ལས་རྒྱལ་བའི་ཆོད་སེམས་ལ་སྐུལ་འདེད་བྱས།

རྫོང་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སྣེ་ཁྲིད་ཀྱི་དཔེ་སྟོན་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཤིང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཚོགས་པ་སོ་སོས་སྒྲོག་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། ལས་རིགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས། རིམས་ནད་འགོག་སྲུང་ལ་མཐུན་སྒྲིལ་གྱི་ལྕགས་རི་བཙུགས། དམངས་ཡོངས་རིམས་ནད་ལ་རྒོལ་བའི་གཡུལ་འཐབ་ཁྲོད། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ནང་དུ་མི་སེམས་སྒུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བསྐྲུན་ཞིང་། གཏམ་རྒྱུད་རེ་རེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཞེངས་སྐྲུན་གྱི་ལག་ལེན་སློབ་གསོ་དངོས་ལ་གྱུར་ཏེ། རིམས་འགོག་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བསྐྲུན་དང་སྐྲུན་བཞིན་འདུག
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།