logo

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་མགོ་དགེ་དགོན་ལ“གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི”སྒོ་བྱང་གནང་བ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-10-14 ཀློག་གྲངས།:
        ཟླ10པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་མགོ་དགེ་དགོན་པར“གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི”བཙུགས་ཤིང་། དྲ་ཐོག་དང་དྲ་ཕྱིའི་རྣམ་པ་གཉིས་ཀྱི་སྒོ་ནས་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། རྩེ་ཁོག་རྫོང་རིག་གནས་ཁང་གིས་མངགས་བཅོལ་ལྟར་ཡུལ་དངོས་ནས་སྒོ་བྱང་སྤྲད་པ་རེད།
        2020ལོར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་རྩེ་ཁོག་རྫོང་དུ་ཡུལ་དངོས་རྟོག་དཔྱོད་བྱས་ཏེ། རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་མགོ་དགེ་དགོན་པའི་གེ་སར་ཟློས་གར་སོགས་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པར་རྒྱུས་ལོན་བྱས། མགོ་དགེ་དགོན་པས་གེ་སར་ཟློས་གར་ཚོགས་པ་བཙུགས་པ་ནས་བཟུང་སྔ་གཞུག་ཏུ་རྟ་རྒྱུག་རྒྱལ་འཇོག་དང་། གསེར་གླིང་གཡུལ་འགྱེད། དྲི་མེད་ཀུན་ལྡན་སོགས་ཟློས་གར་འཁྲབ་སྟོན་བྱས་ཏེ་གེ་སར་རིག་གནས་དང་སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་བླངས་ཤིང་། ཡུལ་དེའི་རིག་གནས་སྒྱུ་རྩལ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་དམངས་ཁྲོད་དུ་ཤུགས་རྐྱེན་ངེས་ཅན་ཞིག་ཐོན་ཡོད་པས། “གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི”བཙུགས་ནས་ཁོང་ཚོས་གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱེད་པ་དང་། ཡུལ་དེའི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ལྕག་སྐུལ་བྱས་པ་རེད།
        མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་ལོ་མང་པོར་ཡུལ་དངོས་བརྟག་དཔྱད་ཀྱི་བྱ་བ་ལེགས་པོ་བསྒྲུབས་ཏེ། ཁུལ་དང་རྫོང་སོ་སོའི་གེ་སར་བྱ་བར་མཛུབ་ཁྲིད་བྱེད་པ་དང་། ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ། གེ་སར་ངག་རྒྱུན་ཤུལ་རྟེན་ལ་རྟོག་ཞིབ་བྱེད་པ། སྒྲུང་ཡིག་དང་རྒྱུ་ཆ་སྣ་ཚོགས་འཚོལ་བསྡུ་བྱས་པ་མ་ཟད། སྒྲུང་པའི་གནས་བབ་ལ་བརྟག་དཔྱད་བྱེད་པ་དང་། སྒྲུང་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ། སྒྲུང་པའི་གསལ་འབྱེད་ཚོགས་འདུ་བསྡུས་ཤིང་སྒྲུང་པ་ངོས་འཛིན་དང་སྲུང་སྐྱོབ་བཅས་བྱས་ཏེ་སྒྲུང་པའི་ཡིག་ཚགས་བཟོས་པ་རེད་དོ། །
འབྲེལ་ཡོད་འོས་སྦྱོར།