ཅང་ཙེ་རྨིན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ། སྨད་ཆ།
དུས་རབས20པའི་ལོ་རབས90པར་སླེབས་རྗེས། ཅང་ཙེ་རྨིན་གྱིས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་ཚུལ་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བའི་འཕེལ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པ་གནང་ཞིང་། ཀྲུང་གོ་གོང་འཕེལ་དང་། ཡར་ཐོན། སྟོབས་འབྱོར་ལྡན་པ་བཅས་ཡོང་བ་བྱ་དགོས་ན། ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་དབྱེ་བྱ་དགོས་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་བར་དཔལ་འབྱོར་དང་། ཚན་རྩལ། རིག་གནས་བཅས་ཀྱི་ཐད་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སྔོན་ཐོན་གྱི་བྱ་དངོས་ཐམས་ཅད་བསྡུ་ལེན་དང་དཔྱད་གཞིར་འཛིན་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས། ང་ཚོས་འབྲེལ་ཡོད་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་སྟེ་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རྣམ་པ་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གནས་བབ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པ་ནི་ཏང་གིས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་དང་བསྒྱུར་བཅོས་སྒོ་དབྱེའི་དགོས་མཁོར་དམིགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་ཇུས་གཞི་གལ་ཆེན་ཞིག་ཡིན་ཞིང་། དེས་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཅང་ཙེ་རྨིན་གྱིས་ཀྲུང་གོ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པའི་རྩ་དོན་ཐད་གསལ་འགྲེལ་གནང་ཡོད་པ་སྟེ། དང་པོ། ཀྲུང་གོ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པ་ནི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དང་བསྒྱུར་བཅོས་སྒོ་དབྱེའི་དགོས་མཁོ་ཡིན་ལ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་ཡང་ཀྲུང་གོ་མཁོ་བས་ཡིན།མི་གྲངས་དུང་ཕྱུར12ལྷག་ཡོད་པའི་ཀྲུང་གོ་མ་ཞུགས་ན། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་དེ་ཉིད་འཐུས་ཚང་ཞིག་མིན་པ་དང་། འཛམ་གླིང་དཔལ་འབྱོར་གོང་འཕེལ་གཏོང་བར་ཡང་ཕན་པ་མེད། གཉིས་པ། ཀྲུང་གོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ད་དུང་དར་རྒྱས་ཆེན་པོ་མེད་པས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆ་རྐྱེན་ཐོག་ནས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་དགོས་པ།གསུམ་པ། ཀྲུང་གོ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་སྐབས། ཁེ་དབང་དང་འོས་འགན་ངེས་པར་དུ་དོ་སྙོམས་ཡོང་བ་བྱ་དགོས། ཀྲུང་གོས་མཐོ་དྲགས་པ་དང་ཀྲུང་གོའི་ཐེག་ཚད་ལས་བརྒལ་བའི་རིན་གོང་དང་རེ་བ་དང་ལེན་བྱེད་མི་སྲིད་པ་བཅས་ཡིན། མཛུབ་སྟོན་རྩ་དོན་འདི་དག་ལག་བསྟར་བྱས་པའི་དབང་གིས། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པའི་གྲོས་མོལ་ཀྱི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་རང་འགུལ་དབང་ཆ་བཟུང་ཡོད་པ་དང་། སྤྱི་ལོ2001ལོའི་ཟླ12པར་དངོས་སུ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱབ་ཁབ་ཏུ་གྱུར། ཅང་ཙེ་རྨིན་གྱིས། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་རྒྱུར་ཡིད་འགུག་སྔར་ལས་ལྷག་པ་བྱེད་དགོས་པ་དང་། ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། ཚོང་ཟོག་དང་ཞབས་ཞུ་ཉོ་ཚོང་སྔར་ལས་རྒྱ་སྐྱེད་དུ་གཏོང་བ། ཁྲོམ་ར་སྣ་མང་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤུས་ཀར་བརྟེན་ནས་རྒྱལ་ཁ་ལེན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དཔལ་འབྱོར་དམིགས་བསལ་ཁུལ་གྱིས་གསར་གཏོད་ཀྱི་བཟང་ཆ་གསར་སྣོན་བྱས་ནས་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས་ཕྱིར་བསྐྱོད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ནི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་དུས་མཚམས་གསར་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ནང་དུ་འདྲེན་པ་དང་ཕྱིར་བསྐྱོད་པ་ནི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འཁོར་ལོ་གཉིས་ཡིན་པས། ངེས་པར་དུ་དུས་གཅིག་ཏུ་འཁོར་སྐྱོད་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས། ཀྲུང་གོའི་གོང་འཕེལ་དང་ཡར་རྒྱས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་གྱི་གྲུབ་འབྲས་དང་ཁ་འབྲལ་ཐབས་མེད། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བརྒྱུད་རིམ་ནང་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདག་དབང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱེད་པ་དང་། རྒྱལ་སྤྱིའི་ཉེན་ཁ་དང་ཕོག་ཐུག་ལ་དོགས་ཟོན་དང་འདུམ་འགྲིག་བྱ་རྒྱུར་དོ་སྣང་བྱེད་པ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་རང་སྟོབས་རང་སྤེལ་མཐའ་འཁྱོངས་བྱ་རྒྱུའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་པའི་རྨང་གཞིའི་ཐོག་གཞི་རྐང་འཛུགས་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་སྐོར་ལ་ཅང་ཙེ་རྨིན་གྱིས། ང་ཚོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་ཧེ་བག་ཆུང་དུ་གཏོང་དགོས་ན་འགག་རྩ་དེ་མྱུར་ཚད་ཅུང་མགྱོགས་ལ་ནུས་འབྲས་ཅུང་ལེགས་པའི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་རྣམ་པ་དེ་ཡང་རགས་ལས་ཅན་ནས་ཞིབ་ལས་ཅན་དུ་འགྱུར་བ་བྱེད་པ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་མྱུར་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ལ་ཐུག་ཡོད་ཅེས་བསྟན་གནང་ཡོད། ཁོང་གིས། མྱུར་ཚད་དང་ནུས་འབྲས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན་ངེས་པར་དུ་གོང་འཕེལ་གྱི་བསམ་ཕྱོགས་གསར་བརྗེ་བྱེད་དགོས་པ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་རྣམ་པ་དེ་རགས་ལས་ཅན་ནས་ཞིབ་ལས་ཅན་དུ་བརྗེ་སྒྱུར་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་བྱེད་པའི་སྤུས་ཚད་དང་ནུས་འབྲས་མཐོ་རུ་གཏོང་རྒྱུའི་འགག་རྩ་ནི་གྲུབ་གཞི་ལུགས་མཐུན་མིན་པའི་གནད་དོན་ལ་ཐུག་ཡོད་པས་ངེས་པར་དུ་དཔལ་འབྱོར་གྲུབ་གཞིར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་དགོས་པ་དང་། ནང་མཁོ་རྒྱ་བསྐྱེད་གཏོང་རྒྱུ་དེ་རང་རྒྱལ་དཔལ་འབྱོར་གྱི་ཡུན་རིང་དང་གཞི་རྩའི་གཞི་རྐང་ཚུགས་ས་ཡིན་ཞེས་ནན་སྟོན་གནང་ཡོད། ཁོང་གིས། རྣམ་པ་གསར་པའི་བཟོ་ལས་ཅན་གྱི་ལམ་བུར་བསྐྱོད་དགོས་ན་ངེས་པར་དུ་ཆ་འཕྲིན་ཅན་གྱིས་བཟོ་ལས་ཅན་སྣེ་ཁྲིད་བྱེད་པ་དང་། བཟོ་ལས་ཅན་གྱིས་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གྱི་འདུས་ཚད་མཐོ་བ་དང་། དཔལ་འབྱོར་གྱི་ནུས་འབྲས་ལེགས་པ། ཐོན་ཁུངས་ཀྱི་ཟད་གྲོན་ཉུང་བ། ཁོར་ཡུག་གི་སྦགས་བཙོག་ཆུང་བ། མི་ཤུགས་ཐོན་ཁུངས་ཀྱི་བཟང་ཆ་བཅས་འདོན་སྤེལ་གང་ལེགས་ཐུབ་པའི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་ལམ་བུར་བསྐྱོད་དགོས། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་རྒྱུན་མཐུད་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་བཏོན་གནང་ཡོད། ཁོང་གིས། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་བྱ་རྒྱུ་དང་། དེང་རབས་ཞིང་ལས་འཛུགས་སྐྱོང་བྱ་རྒྱུ། གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། ཞིང་པའི་ཡོང་འབབ་མཐོ་རུ་གཏོང་རྒྱུ་བཅས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད། དུས་རབས་བརྗེ་མཚམས་སུ་ཁོང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚོས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། ཁོང་གིས། དཔལ་འབྱོར་གོང་འཕེལ་གཏོང་བའི་རྩ་བའི་དམིགས་འབེན་ནི་རྒྱལ་ཡོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པ་དང་། ལས་ཞུགས་རྒྱ་སྐྱེད་གཏོང་རྒྱུ་དེ་རང་རྒྱལ་གྱི་མིག་སྔ་དང་སླད་ཕྱིན་དུས་ཡུན་རིང་པོ་ཞིག་གི་ནང་གལ་འགངས་ཆེ་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་ཞེས་བསྟན་གནང་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ཐད་ཅང་ཙེ་རྨིན་གྱིས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་གོང་འཕེལ་གཏོང་བའི་ལྡོག་མེད་བླང་བྱ་ཡིན་པ། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མི་དམངས་དམངས་གཙོ་ཡུན་རིང་ལག་ལེན་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ལྡོག་མེད་ཆོད་སྡོམ་ཡིན་ཞིང་། དེས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་ཡོད། ཁོང་གིས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བའི་ཆེས་རྩ་བ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་ཆེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུམ་སུམ་ཚོགས་སུ་གཏོང་བ། སྤྱི་དམངས་ནས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ཚད་རྒྱ་ཆེར་གཏོང་བ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཇུས་འགོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་པ། ཁེ་དབང་དང་རང་མོས་རྒྱ་ཁྱབ་ངང་ལོངས་སུ་སྤྱོད་པ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། འདྲ་མཉམ་དང་མཐུན་སྒྲིལ་རོགས་ལས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་བ། མི་རིགས་ཁག་ཐུན་མོང་དར་རྒྱས་དང་ཡར་ཐོན་ཡོང་བ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཚམ་པ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་བཙན་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་ཕྱི་ཁོངས་ཀྲུང་གོ་བའི་ལས་དོན་གྱི་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་དགོས་ཞེས་དང་། ཁོང་གིས། གཞི་རིམ་དམངས་གཙོ་རྒྱ་ཆེར་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་འཕེལ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད། ཁོང་གིས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ལག་ལེན་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྩི་སྲུང་ཞུ་སའི་ཁྲིམས་ཡོད་པ་དང་། ཁྲིམས་ཡོད་ཕྱིན་ངེས་པར་དུ་ལག་ལེན་བསྟར་བ། ཁྲིམས་འཛིན་ནན་པོ་བྱེད་པ། ཁྲིམས་ལས་འགལ་ཚེ་འགན་འཁྲི་གདའ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྲིམས་འཛུགས་ཀྱི་འཁོར་ལམ་ཐོག་སླེབས་པ་བྱེད་དགོས་ཞེས་བསྟན་ཡོད། ཁོང་གིས། ཆབ་སྲིད་སྒྲིག་གཞི་བསྒྱུར་བཅོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་རང་ངོས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། རང་རྒྱལ་གྱི་རྒྱལ་ཚུལ་ལ་གཞི་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་ཉིད་ཀྱི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ་དང་ཆབས་ཅིག་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་འཛིན་པ་ལས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་འདྲ་བཤུ་གཏན་ནས་བྱེད་མི་རུང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཡག་པོ་བསྒྲུབས་ཏེ། བརྟན་ལྷིང་དང་མཐུན་སྒྲིལ་ཆེ་བའི་སྤྱི་ཚོགས་དང་ཆབ་སྲིད་རྣམ་པར་སྲུང་སྐྱོང་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཐད་ཅང་ཙེ་རྨིན་གྱིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་གཅིག་སྡུད་ཐུབ་པ་བྱེད་པ་དང་སྐུལ་ལྕག་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་དང་། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། དེང་རབས་ཀྱི་ཀྲུང་གོར་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དེ་ཡིན་པས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་ཀྱི་མཛུབ་ཁྲིད་གནས་བབ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་གཅིག་འདོམས་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ་དང་སྣ་མང་ཅན་ལ་འབོད་སྐུལ་བྱེད་དགོས། ཚན་རིག་རིགས་གཞུང་ལ་བརྟེན་ནས་མི་སྣར་དྲག་ཆས་སྤྲོས་པ་དང་། ཡང་དག་པའི་གླེང་ཕྱོགས་ལ་བརྟེན་ནས་མི་སྣར་ཁྲིད་སྟོན་བྱེད་པ། བླ་མེད་སྙིང་སྟོབས་ལ་བརྟེན་ནས་མི་སྣ་སྐྱོང་བ། ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་གཏོང་བ། སྔོན་ཐོན་རིག་གནས་གོང་འཕེལ་ཤུགས་ཆེན་གཏོང་བ། སྐྱོན་བྲལ་དང་ཕན་ཡོད་ཀྱི་རིག་གནས་ལ་རྒྱབ་སྐྱོར་བྱེད་པ། རྗེས་ལུས་ཀྱི་རིག་གནས་ལེགས་བཅོས་ཧུར་ཐག་བྱེད་པ། རུལ་སུངས་ཡིན་པའི་རིག་གནས་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་དང་། ཁོང་གིས། མི་དམངས་ཀྱི་སྙིང་སྟོབས་ནི་མི་རིགས་ཤིག་འཚོ་གནས་དང་གོང་འཕེལ་གཏོང་བའི་བསམ་པའི་རྟེན་ས་ཞིག་ཡིན་པས། འཛམ་གླིང་གི་ཁྱབ་ཁོངས་ནང་བསམ་བློ་རིག་གནས་སྣ་ཚོགས་ཕན་ཚུན་མཉམ་འདྲེས་བྱེད་པའི་མདུན་དུ་ངེས་པར་དུ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་སྐྱེད་སྲིང་བྱ་རྒྱུ་དེ་རིག་གནས་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། མི་དམངས་ཡོངས་ནས་སྔ་བར་ཕྱི་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་སྣང་རྒྱུན་འཁྱོངས་བྱེད་དགོས། རྒྱུན་བསྲིངས་ལྷོད་མེད་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་རྒྱུན་བསྲིངས་ལྷོད་མེད་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ལུགས་འཛུགས་སྐྱོང་དང་ཀུན་སྤྱོད་འཛུགས་སྐྱོང་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཅང་ཙེ་རྨིན་གྱིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་བཞེས་རིང་། རྒྱལ་སྲུང་དང་མི་དམངས་དམག་དཔུང་འཛུགས་སྐྱོང་ཐད་དགོངས་པ་གལ་ཆེན་མང་པོ་བཏོན་གནང་ནས་ཅང་ཙེ་རྨིན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་དགོངས་པ་གྲུབ་ཡོད། ཁོང་གིས། སྲ་ཞིང་བརྟན་པའི་རྒྱལ་སྲུང་འཛུགས་སྐྱོང་བྱ་རྒྱུ་དེ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ལས་འགན་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་གཅིག་གྱུར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་ཏེང་ཞའོ་ཕིང་གི་དུས་སྐབས་གསར་པའི་དམག་དཔུང་འཛུགས་སྐྱོང་གི་དགོངས་པ་གཉིས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཚད་ལོན་པ་དང་། དམག་དོན་ལ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ། འགན་སྲུང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། རྒྱལ་ཁ་ལེན་ཐུབ་པ་དང་ངོ་བོ་མི་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་གཉིས་ལ་དམ་པོར་དམིགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་ཧྲག་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་མི་དམངས་དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་རང་དམག་གི་འཛུགས་སྐྱོང་ཁག་གི་གནས་བབ་གལ་ཆེན་ཐོག་བཞག་ནས་མི་དམངས་དམག་དཔུང་གི་ངོ་བོ་དང་རང་གཤིས། སྤྱོད་ཚུལ་བཅས་ནམ་ཡང་བརྟན་པོར་གནས་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། ཁོང་གིས། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱེད་པ་དེ་ནི་རང་དམག་གི་ནམ་ཡང་འགྱུར་བ་མེད་པའི་བླ་སྲོག་ལྟ་བུ་ཡིན་པས་གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། འཛམ་གླིང་གི་དམག་དོན་འཕོ་འགྱུར་གསར་པའི་འགྲན་རྩོད་ཀྱི་སྔུན་བསུས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ནས་དུས་སྐབས་གསར་པའི་འགོག་སྲུང་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏན་འཁེལ་གནང་བ་དང་། འཐབ་ཇུས་མཛུབ་ཁྲིད་ཐད་ལེགས་སྒྲིག་ཆེན་པོ་བྱས་ནས་དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བྱེད་པའི་རྨང་གཞི་དེ་སྤྱིར་བཏང་ཆ་རྐྱེན་འོག་གི་ཆ་ཤས་དམག་འཁྲུག་དེ་དེང་རབས་ལག་རྩལ་དང་ལྷག་པར་དུ་ལག་རྩལ་མཐོ་པོའི་འོག་གི་ཆ་ཤས་དམག་འཁྲུག་ཐོག་འགྱུར་བ་གཏོང་དགོས་ཞེས་བསྟན་པ་དང་། དེའི་རྗེས་སུ་དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བྱེད་པའི་རྨང་གཞི་དེ་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི་ཆ་ཤས་དམག་འཁྲུག་ཐོག་འགྱུར་བ་གཏོང་དགོས་ཚུལ་བསྟན་ནས་དུས་བབ་གསར་པའི་འོག་གི་རང་དམག་གི་དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བྱེད་པའི་དམིགས་འབེན་དང་ལས་འགན་གསལ་སྟོན་གནང་བ་དང་། རང་དམག་འཛུགས་སྐྱོང་གི་འགལ་ཟླ་གཙོ་བོར་དམ་འཛིན་གྱིས་རང་དམག་འཛུགས་སྐྱོང་དང་བསྒྱུར་བཅོས་ཀྱི་གོང་འཕེལ་གྱི་ཁ་ཕྱོགས་གནད་དོན་ཐག་གཅོད་ཡང་དག་བྱ་དགོས་ཞེས་བསྟན་ཡོད། ཁོང་གིས། དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་སྲིད་ཁྲིམས་ཚན་པས་ཚོང་གཉེར་གྱི་ལས་ཀ་བྱེད་མི་ཆོག་ཅེས་མཐའ་གཅིག་ཏུ་བསྟན་གནང་བ་དང་། ཁོང་གིས། རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྱོང་གཉིས་མཐུན་སྦྱོར་གོང་འཕེལ་ཡོང་བ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག་ཏུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་དང་། གང་མགྱོགས་རང་ཉིད་ཀྱི་མཐོ་གསར་ལག་རྩལ་ལྡན་པའི་མཚོན་ཆ་དང་སྒྲིག་ཆས་བཟོ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཅང་ཙེ་རྨིན་གྱིས། མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེའི་བྱ་གཞག་ལེགས་སྒྲུབ་བྱེད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་ཐུག་པ་དང་། དེ་ནི་ཀྲུང་གོའི་མི་དམངས་ཡོངས་དང་ཐའེ་ཝན་སྤུན་ཟླ། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ། ཕྱིར་སྡོད་ཀྲུང་གོ་བ་བཅས་ཀྱི་ཐུན་མོང་གི་བསམ་འདུན་ཡང་རེད་ཅེས་བསྟན་གནང་ཡོད། ཁོང་གིས་ཀྲུང་གོ་སྲིད་གཞུང་ནས་ཤང་ཀང་དང་ཨའོ་མོན་གཉིས་ཀྱི་བདག་དབང་སླར་གསོ་བྱེད་པའི་གྲ་སྒྲིག་ལས་དོན་ཁག་ལ་འགོ་ཁྲིད་ནས་སྐུལ་འདེད་བཏང་གནང་ཡོད། སྤྱི་ལོ1997ལོའི་ཟླ7པའི་ཚེས1ཉིན་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་། སྤྱི་ལོ1999ལོའི་ཟླ12པའི་ཚེས20ཉིན་ཨའོ་མོན་མེས་རྒྱལ་གྱི་པང་དུ་ཐུབ་ཡོད། ཁོང་སྔ་རྗེས་སུ་ཤང་ཀང་དང་ཨའོ་མོན་དུ་ཕེབས་ནས་ཀྲུང་དབྱིན་སྲིད་གཞུང་དང་། ཀྲུང་ཕོར་སྲིད་གཞུང་དབར་གཉེར་བའི་ཤང་ཀང་དང་ཨའོ་མོན་གཉིས་རྩིས་སྤྲོད་བྱེད་པའི་མཛད་སྒོར་ཞུགས་ཡོད། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པའི་རྗེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རིགས་གཞུང་དང་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས། ཁོང་གིས། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་ངེས་པར་དུ་ཡང་དག་པའི་ངང་ནས་ལག་བསྟར་བྱེད་དགོས་པ་དང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་སྒྲུབ་པ། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་སྲིད་གཞུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣ་དང་མཐུན་སྒྲིལ་དམ་ཟབ་བྱས་ནས་ཤང་ཀང་དང་ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་། གོང་འཕེལ་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་དབྱང་སྲིད་གཞུང་གི་འགྱུར་མེད་རྒྱབ་སྐྱོར་འོག་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱི་སྲིད་གཞུང་ནས་ཨ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་བརྡབ་གསིག་དང་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་འོས་འཚམས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད། ཅང་ཙེ་རྨིན་གྱིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་གནས་བབ་ལ་དམ་འཛིན་གནང་བས་མཚོ་འགག་གཡས་གཡོན་གཉིས་པོའི་དབར་ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་བྱུང་ཞིང་། མཚོ་འགག་གཡས་གཡོན་གཉིས་པོའི་གྲོས་མོལ་ལ་སྐུལ་འདེད་བཏང་གནང་ཡོད་པ་རེད།
སྤྱི་ལོ1995ལོའི་ཟླ1པོར། ཁོང་གིས«མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ་བྱ་དགོས»ཞེས་པའི་གསུང་བཤད་གལ་ཆེན་གནང་ནས་ད་ལྟའི་དུས་རིམ་ལ་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་དགོངས་ཚུལ་དོན་ཚན་བརྒྱད་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་ཞི་བས་གཅིག་གྱུར་ཡོང་བའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་པ་ནན་སྟོན་གནང་སྟེ་ང་ཚོས་དྲག་ཤུགས་མི་སྤྱོད་རྒྱུ་ཁས་ལེན་མི་བྱེད་པ་ནི་སྤུན་ཟླ་ཐའེ་ཝན་བར་དམིགས་པ་ཞིག་གཏན་ནས་མིན་པར་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཀྲུང་གོ་གཅིག་གྱུར་ཡོང་བར་ཐེ་ཇུས་བྱེད་པ་དང་། ཐའེ་ཝན་རང་བཙན་ཟེར་བ་ཡོང་ཐབས་བྱེད་པའི་རེ་ངན་བཅངས་པར་དམིགས་པ་ཞིག་ཡིན་པ་ནན་སྟོན་གནང་ཡོད། གསུང་བཤད་དེ་ལས་མེས་རྒྱལ་གཅིག་གྱུར་ཡོང་བ་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་མཚོན་པར་མ་ཟད། སྤུན་ཟླ་ཐའེ་ཝན་བའི་བསམ་འདུན་དང་ཐའེ་ཝན་གྱི་དོན་དངོས་གནས་ཚུལ་ལའང་བསམ་གཞིགས་གང་ལེགས་བྱས་ཡོད་པས། རྒྱལ་ཁབ་ཕྱི་ནང་དུ་ཚད་མཐོའི་དོ་ཁུར་དང་ལན་ཆ་བཟང་པོ་བྱུང་ཡོད། ཁོང་གིས། ཞི་བས་གཅིག་གྱུར་འབྱུང་ཐབས་བྱེད་པ་དང་དྲག་པོའི་དམག་གྲབས་ཀྱི་སྤྱིའི་འཐབ་ཇུས་བཏོན་གནང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་ལ་འགོ་ཁྲིད་གནང་ཡོད། ཁོང་གིས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་དགོས་ན། ཐའེ་ཝན་གྱི་གནད་དོན་དུས་བཀག་མེད་པར་ཕྱིར་འགྱངས་བྱེད་མི་ཉན། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ན་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་སྔ་ཙམ་ཡོང་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་སྟོན་གནང་ཡོད།
རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་ཆེ་བའི་མདུན་དུ། ཅང་ཙེ་རྨིན་གྱིས་འཛམ་གླིང་གི་དུས་བབ་སྤྱིའི་འཕེལ་ཕྱོགས་ལ་མཁྱེན་རྟོགས་གཏིང་ཟབ་གནང་ནས་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས་ཀྱི་དགོངས་པ་རབ་དང་རིམ་པ་བཏོན་གནང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་གནང་ཡོད། ཁོང་གིས། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་འདིའི་བརྗོད་བྱ་གཙོ་བོ་ཡིན་པ་དང་། དཀའ་ཚེགས་ཀྱི་ཁྲོད་འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་བྱུང་བ་དེས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་གོ་སྐབས་དང་མཐུན་རྐྱེན་བསྐྲུན་པ་དང་། སྔོན་དཔག་ཐུབ་པའི་དུས་སྐབས་ནང་འཛམ་གླིང་དམག་ཆེན་གསར་པ་ལངས་མི་ཐུབ་པས་དུས་ཡུན་ཅུང་རིང་ཙམ་གྱི་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་མཐའ་འཁོར་ཁོར་ཡུག་བཟང་པོ་ནི་བརྩོན་ལེན་ཐུབ་པ་ཞིག་རེད། འོན་ཀྱང་དྲང་གཞག་དང་ལུགས་མཐུན་མིན་པའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་རྙིང་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་མེད་པ་དང་། ཞི་བདེ་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པ། སྲོལ་རྒྱུན་གྱི་བདེ་འཇགས་འཇིགས་སྐུལ་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་འཇིགས་སྐུལ་ཐོན་པའི་རྒྱུ་རྐྱེན་ཕན་ཚུན་འདྲེས་པ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མངོན་ཚུལ་གསར་པ་ལྡན་པ། ལྷོ་བྱང་བར་གྱི་ཧེ་བག་སྔར་ལས་ཆེ་རུ་འགྲོ་བ། འཛམ་གླིང་སྔར་བཞིན་ལྷིང་འཇགས་མིན་པ་སོགས་མིའི་རིགས་ལ་འགྲན་རྩོད་དྲག་པོ་མང་པོ་འཕྲད་ཡོད་ཅེས་སྟོན་གནང་ཡོད། ཁོང་གིས། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་འདིའི་བརྗོད་བྱ་གཙོ་བོ་ཡིན་པས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་ཡོད། ཁོང་གིས། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྩ་བའི་གཞི་ཚུགས་སར་བྱས་ཏེ་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གྲོགས་ཡོང་རྒྱུ་རྒྱུན་འཁྱོངས་དང་། ས་ཁོངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཉེ་འཁོར་རྒྱལ་ཁབ་བར་གྱི་སྤེལ་རེས་དང་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་སྟོན་གནང་ཡོད། ཁོང་གིས། འཛམ་གླིང་སྣ་མང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་གི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་དང་། ཁོང་གིས། ཀྲུང་གོས་མུ་མཐུད་ཕྱོགས་མང་གི་ཕྱི་འབྲེལ་བྱེད་སྒོར་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱི་དང་དེ་བཞིན་ས་ཁོངས་རང་བཞིན་གྱི་སྒྲིག་འཛུགས་གཞན་དག་ནང་ནུས་པ་འདོན་སྤེལ་བྱས་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཁོང་གིས། དུས་རབས་དང་འཚམས་པའི་བདེ་འཇགས་ལྟ་བ་གསར་པ་འཛུགས་དགོས་པ་བཏོན་གནང་ཞིང་། དེའི་སྲོག་ཤིང་ནི་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་ཕན་ཐོགས། འདྲ་མཉམ། རོགས་ལས་བྱ་རྒྱུ་བཅས་རེད་བསྟན་གནང་ཡོད། ཁོང་གི་སྐུལ་འདེད་འོག་བཙུགས་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནི་ཀྲུང་གོས་སྐུལ་འདེད་བཏང་ཞིང་དེའི་ནང་ཞུགས་པ་མ་ཟད་ཀྲུང་གོའི་གྲོང་ཁྱེར་གྱི་མིང་ཐོག་ནས་བཙུགས་པའི་ས་ཁུལ་རང་བཞིན་གྱི་མཉམ་ལས་སྒྲིག་འཛུགས་དང་པོ་དེ་ཡིན་པ་དང་། དེས་བཏོན་པའི་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་ཕན་ཐོགས། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་གོང་འཕེལ་འཚོལ་ཞིབ་བཅས་ཀྱི་ཧྲང་ཧའེ་སྙིང་སྟོབས་ཀྱིས་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།
ཅང་ཙེ་རྨིན་གྱིས་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོར་དོན་དངོས་གསར་པ་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་བྱེད་པར་འཕྲད་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཏང་གིས་སྔ་བར་ཕྱི་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་དང་། གསར་སྐྲུན་བྱེད་ནུས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཀྱིས་ཁེངས་པར་བྱ་དགོས་པའི་འབོད་སྐུལ་གནང་ཡོད། ཁོང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ཏང་ནན་སྐྱོང་བྱེད་དགོས། འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་བཀག་འགོག་བྱེད་ནུས་ཆེ་རུ་གཏོང་དགོས་པའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་ཆེན་པོ་གཉིས་བཏོན་ནས། ཏང་ཡོངས་ཀྱིས་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་ཡོད། ཁོང་གིས་ང་ཚོ་ལྟ་བུའི་མི་རིགས་མང་ལ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོས་མི་དམངས་ཡོངས་ཀྱི་འདོད་བློ་དང་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་གང་མགྱོགས་སྐུལ་འདེད་གཏོང་བར་ངེས་པར་དུ་ལྷོད་གཡེང་སྤུ་ཙམ་མེད་པར་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཏང་འཛུགས་སྐྱོང་གི་ ལས་གཞི་རླབས་པོ་ཆེ་གསར་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་ཐོག་རང་རེའི་ཏང་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་མཚོན་པ། ཀྲུང་གོའི་སྔོན་ཐོན་རིག་གནས་མདུན་དུ་སྐྱོད་པའི་ཁ་ཕྱོགས་ཀྱི་མཚོན་བྱེད་ཡིན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་ཡིན་པའི་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས། ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་བཏང་ནས་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་གསོན་ཤུགས་དང་མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱང་ཚད་མཐོ་བའི་འགོ་ཁྲིད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱི་འགོ་ཁྲིད་དཔུང་ཁག་ཆགས་པ་དང་། འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་དང་དོད། སྲོལ་བཟང་དར་སྤེལ་བཅས་བྱ་དགོས། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་གྲལ་རིམ་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་དགོས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། རང་རེའི་ཏང་གི་ཆབ་སྲིད་བཟང་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་ཡིན་པས་ཏང་གིས་སྲིད་དབང་བཟུང་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་རེད། རུལ་སུངས་ལ་ངོ་རྒོལ་དང་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རིམ་བཞིན་རྩ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། དམངས་གཙོ་གོང་སྤེལ་གཏོང་བ། ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་གསར་གཏོད་བྱེད་པ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ཁག་གི་ཁྲོད་དུ་འཇོག་པ་དང་། རུལ་སུངས་ཀྱི་གནད་དོན་འབྱུང་རྩ་ནས་སྔོན་འགོག་དང་ཐག་གཅོད་བྱ་དགོས་པའི་ནན་སྟོན་གནང་ཡོད། ཁོང་གིས། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་། དཔའ་ངར་ཆེར་སྐྱེད་ཀྱི་ངར་ཤུགས། གཞུང་སེམས་རྣམ་དག་བཅས་རྒྱུན་འཁྱོངས་བྱས་ནས་ནམ་ཡང་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་བྱས་ཚེ་རང་རེའི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་འགྲོ་ཐུབ་ཅེས་ནན་སྟོན་གནང་ཡོད།
ཅང་ཙེ་རྨིན་གྱིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱེད་པའི་ཐོག་མའི་ཀུན་སློང་དང་མཐར་གཏུག་གི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་ཆེད་རེད། ཏང་གི་བྱེད་ཕྱོགས་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་གཞི་ཚུགས་ས་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་པའི་ཆེད་དུ་ཡིན་པས། ཕྱོགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་ལ་ལན་ཆ་ཡག་པོ་དང་དེར་དོ་ཁུར་ཡག་པོ་བྱས་ནས་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ཁ་ཕྱོགས་སུ་བརྟན་ཐོག་མདུན་སྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཐམས་ཅད་དམངས་ཀྱི་ཆེད་དུ་དང་ཐམས་ཅད་དམངས་ལ་བརྟེན་པ། དམངས་ཀྱི་ཁྲོད་ནས་ཡོང་ཞིང་དམངས་ཀྱི་ཁྲོད་དུ་སྐྱོད་པ། མི་དམངས་མང་ཚོགས་ཀྱི་གསར་གཏོད་ལ་བརྩི་བཀུར་དང་། མི་དམངས་མང་ཚོགས་ཀྱི་འབོད་སྒྲར་ཉན་པ། མི་དམངས་མང་ཚོགས་ཀྱི་མདུན་པ་བརྗོད་པ། མི་དམངས་མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་ཁྲོད་གཅིག་སྡུད་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་འབད་པ་ལྷོད་མེད་བཅས་བྱས་ནས་བཟོ་པ་དང་ཞིང་པ། ཤེས་ཡོན་ཅན། དེ་མིན་གྱི་མང་ཚོགས་བཅས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད། ཁོང་གིས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོ་ངེས་ཏེ་སྤྱི་ཞབས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་དམངས་ལ་གཅེས་སྐྱོང་བྱེད་པའི་སེམས་པ་འཆང་བ། དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ། མང་ཚོགས་ཕྱུག་པོ་ཡོང་ཆེད་འཐབ་འདོན་ཇུས་འཚོལ་བྱེད་པ། དམངས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། དུས་དང་རྣམ་པ་ཀུན་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་ཁུར་བཅས་བྱས་ནས་འབད་པ་ཆེན་པོས་དམངས་ཀྱི་ཆེད་དུ་ལས་དོན་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་དགོས་ཞེས་བླང་བྱ་བཏོན་གནང་ཡོད།
ཅང་ཙེ་རྨིན་གྱིས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཙོ་བོའི་གོ་གནས་བཞེས་པའི་སྐབས་སུ། རང་རྒྱལ་ལ་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་། འཛམ་གླིང་ཐོག་སྤྱི་ཚོགས་རིང་ལུགས་ལ་འགོག་རྐྱེན་ཚབས་ཆེན་འཕྲད་པའི་ཚོད་བགམ་དྲག་པོའི་མདུན་དུ། ཁོང་གིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་བསྒམ་ལྷིང་ངང་ཁ་གཏད་བཅག་སྟེ། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་། རང་བྱུང་ཁམས་བཅས་ལས་བྱུང་བའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བ་དང་། ལྷག་པར་དུ་ཨ་ཤ་ཡའི་དངུལ་རྩའི་ཉམས་ཉེན་གྱི་བརྡབ་གསིག་ལ་ལེགས་གྲུབ་ལྡན་པའི་སྒོ་ནས་ཁ་གཏད་བཅག་གནང་བ་དང་། སྤྱི་ལོ1998ལོའི་ཆུ་ལོག་སྔོན་འགོག་དང་ཉེན་སེལ་གྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ནས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པར་འགན་ལེན་གནང་ཡོད་པ་རེད།
སྤྱི་ལོ2004ལོའི་ཟླ9པར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཅང་ཙེ་རྨིན་གྱིས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་བྱས་པར་མོས་མཐུན་བྱས་ཡོད། སྤྱི་ལོ2005ལོའི་ཟླ3པར། སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཅང་ཙེ་རྨིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་ནས་དགོངས་ཞུ་བྱ་རྒྱུའི་རེ་ཞུ་དང་ལེན་བྱེད་པའི་སྐོར་ལ་གྲོས་འཆམ་བྱུང་ཡོད། འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་ཞུ་གནང་རྗེས་ཅང་ཙེ་རྨིན་གྱིས་ཏང་ཀྲུང་དབྱང་གི་ལས་དོན་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རྒྱབ་སྐྱོར་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་ཐུགས་ཁུར་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བཅས་གནང་ཡོད།
ཅང་ཙེ་རྨིན་སྐུ་ངོ་མས«ཅང་ཙེ་རྨིན་གྱི་གསུང་རྩོམ་གཅེས་བཏུས»ཀྱི་པོད་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་དང་ཞིབ་དཔྱད་གཏན་འཁེལ་གནང་ཡོད། «ཅང་ཙེ་རྨིན་གྱི་གསུང་རྩོམ་གཅེས་བཏུས»ནང་གཙོ་བོ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་དུས་མཇུག་ནས་དུས་རབས་ཉེར་གཅིག་པའི་དུས་འགོའི་བར་གྱི་ཅང་ཙེ་རྨིན་གྱི་མཚོན་བྱེད་རང་བཞིན་དང་ཐུན་མིན་གསར་གཏོད་རང་བཞིན་ལྡན་པའི་གསུང་རྩོམ་གལ་ཆེན་རྣམས་ཕྱོགས་བསྡུས་བྱས་ཡོད་པས། ང་ཚོས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་སྔར་བས་གཏིང་ཟབ་ལེན་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་ལས་གྲྭ་གསར་པར་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
ཅང་ཙེ་རྨིན་གྱིས་གཏོད་གནང་བའི་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་ནི། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་གོང་སྤེལ་བཏང་བ་ཞིག་ཡིན་པས། དེང་གི་འཛམ་གླིང་དང་ཀྲུང་གོའི་གོང་འཕེལ་གྱི་འགྱུར་ལྡོག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་མཚོན་པ་དང་། དེ་ནི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེར་ལེགས་བཅོས་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རང་ངོས་འཐུས་ཚང་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་མཚོན་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་དང་། ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ། ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་བཅས་རེད།
དེ་རིང་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་དང་དེ་བས་ཉེ་བར་བཅར་ཡོད་ལ་དེ་བས་ཡིད་ཆེས་དང་ནུས་པའང་ལྡན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་སྔར་ལས་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་པ་བསྟར་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། རང་རྟོན་རང་དར། དྲང་སྲུང་གསར་གཏོད། བློ་སྟོབས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།