མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ལོ་སར་སྔོན་ལ་ལས་འཁྱུར་ལས་བྱེད་རྒན་པར་འཚམས་འདྲི་བྱས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-14
ཀློག་གྲངས།:
གནམ་ལོ་གསར་བ་བསུ་ལ་ཉེ་བའི་དུས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་རྒན་པར་ལོ་སར་གྱི་འཚམས་འདྲི་བྱས། ཟླ1ཚེས12ཉིན། ཀྲུའུ་རེན་རྡོ་རྗེ་རབ་བརྟན་འཁོར་དང་བཅས་པས་མི་རིགས་སྐད་ཡིག་འཐབ་ཕྱོགས་ཀྱི་ལས་འཁྱུར་ལས་བྱེད་པ་རྒན་པར་འཚམས་འདྲིར་གནང་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་བསྐྱལ་བ་དང་འབྲེལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས།

འཚམས་འདྲི་ཚོ་ཆུང་གིས་ལས་བྱེད་པ་རྒན་པ་དག་དང་གླེང་མོལ་བྱེད་སྐབས་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་སྐུ་གཟུགས་བདེ་ཐང་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། མི་རིགས་སྐད་ཡིག་བྱ་གཞག་ལ་ཕུལ་བའི་བྱས་རྗེས་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རང་བྱས། དེ་དང་ཆབས་ཅིག་ཁོང་ཚོས་དུས་སྐབས་གསར་པའི་མི་རིགས་སྐད་ཡིག་ལས་དོན་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཉན་པར་མ་ཟད། སྔར་རྒྱུན་བཞིན་མི་རིགས་སྐད་ཡིག་གི་ལས་དོན་ཁག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཡུན་རིང་བསགས་པའི་ཉམས་མྱོང་དང་ཐུགས་རྒྱུད་ཀྱི་ཡོན་ཏན་དག་གང་ནུས་ཅི་ཡོད་ཀྱིས་འདོན་སྤེལ་བྱས་ཏེ། མི་རིགས་སྐད་ཡིག་བྱ་གཞག་གི་འཕེལ་རྒྱས་ལ་ཇུས་གཞི་འདོན་པ་དང་མཛུབ་ཁྲིད་ཧུར་ཐག་གནང་ནས་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ལས་དོན་ཁག་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་དགོས་པའི་རེ་འདུན་ཞུས།
ཐེངས་འདིའི་འཚམས་འདྲིའི་ལས་དོན་འདིས། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཏང་ཙུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ལས་འཁྱུར་ལས་བྱེད་པ་དང་ཁོང་ཚོའི་ཁྱིམ་ཚང་། འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། བརྩེ་སེམས་དང་དྲོད་ཁོལ་བསྐྱལ་ཏེ་རྩ་འཛུགས་ཀྱི་ཐུགས་ཁུར་ཚོར་དུ་བཅུག

རྗེས་མར། ལས་ཁུངས་འདི་གས་ལས་བྱེད་པ་རྒན་པའི་བཞུགས་མོལ་ཚོགས་འདུ་རྩ་འཛུགས་བྱས་ནས། ལས་འཁྱུར་ལས་བྱེད་རྒན་པ་དག་གདན་འདྲེན་ཞུས་ཏེ་ཁོང་ཚོ་བྱ་བའི་ལས་རྐང་ན་ཡོད་དུས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཐད་བཞག་པའི་མཛད་རྗེས་ལ་མཉམ་རོལ་བྱེད་རྒྱུ་དང་། རྒྱ་བོད་ཡིག་སྒྱུར་གྱི་ཉམས་མྱོང་སྤེལ་རེས་སོགས་བྱས་ནས་ད་ལྟའི་བྱ་བའི་ལས་རྐང་ན་ཡོད་པའི་ལས་བྱེད་པ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སྐད་ཡིག་གི་ལས་དོན་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་ཆོད་སེམས་བརྟན་པོ་བཅིངས་ཡོད།
འབྲེལ་ཡོད་འོས་སྦྱོར།