logo

མཚོ་སྔོན་པོ་དྲ་བས་ཆུ་མོ་ཡོས་ལོའི་དཔྱིད་གསར་དུས་ཆེན་ལ་ཕུལ་བའི་ཤིས་ཚིག

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-01-21 ཀློག་གྲངས།:
བཀྲ་ཤིས་རྣམ་དཀར་དགེ་ཚོགས་ཀུན་འདུས་ནས།།
བཀྲ་ཤིས་སྟག་ལོ་སྤྲོ་དགས་ཕར་ལ་བསྐྱལ།།
བཀྲ་ཤིས་ལེགས་ཚོགས་ཀུན་འཛོམས་ཆུ་ཡོས་ལོ།།
བཀྲ་ཤིས་འཛུམ་གྱིས་ཚེས་འདི་ཨེ་མ་བསྔགས།།
       དུས་ཚོད་ནི་ཇི་འདྲའི་མགྱོགས་ཨང་། ལོ་ངོ་གཅིག་འདི་ལྟར་མིག་ལྡེབ་དབང་ཙམ་གྱིས་འདས་ཏེ་ད་ནི་གནམ་ལོ་གསར་པ་ཞིག་ཚུར་བསུ་ལ་ཉེ། ཚང་མ་བྲེལ་ཟིང་གིས་འདུར་བའི་སྐབས་འདིར་ངེད་མཚོ་སྔོན་པོ་དྲ་བའི་ལས་མི་ཡོངས་ཀྱིས་མདོ་དབུས་ཁམས་གསུམ་གྱི་རིགས་གཅིག་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ།
       2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཤིང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་འཆར་འགོད་ལེགས་པོར་བཏང་བའི་ལོ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོ་དྲ་བ་གཉེར་ནས་ལོ་ཡི་འཁོར་མོ་བཅོ་ལྔ་འགོར་བའི་ལོ་ཡང་ཡིན། རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་མི་ལོ་བཅོ་ལྔའི་ནང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རང་ས་གནས་གཙོ་བྱས་ཏེ་རྒྱལ་ནང་གི་གསར་འགྱུར་དང་རིག་གནས་བརྒྱུད་སྒྲོག་གི་ལས་ལ་དུས་དང་རྣམ་པ་ཀུན་ཏུ་གཞོལ་ནས་དུས་རབས་གསར་བའི་སྨྱན་བྱད་ལས་རིགས་ཁྲོད་མཛུབ་སྟོན་གྱི་ནུས་པ་དང་ཁྱབ་སྤེལ་གྱི་ནུས་པ་བླ་ལྷག་གིས་སྐྲུན་ཡོད་པ་ནི་ཁ་ཚོན་བཅད་དེ་སྨྲ་བར་སྤོབས།
       ཀྱག་ཀྱོག་ཆེ་ཞིང་དཀའ་སྡུག་གིས་ཁེངས་པའི་ལོ་ངོ་གཅིག་གི་ནང་ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་ངེད་དྲ་བ་སེམས་ནས་མ་བརྗེད་ཅིང་རིན་ཐང་བྲལ་བའི་རྩོམ་ཡིག་མང་པོ་བསྐུར་གནང་མཛད་དེ་ཀློག་པ་པོ་མང་པོའི་འདོད་འདུན་ཡིད་བཞིན་དུ་བསྐངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འདས་པའི་ལོ་ངོ་གཅིག་གི་ནང་མཚོ་སྔོན་པོ་དྲ་བས་རང་ཁུལ་གཙོ་བྱས་ཏེ་རྒྱལ་ཕྱི་ནང་གི་གསར་འགྱུར་གཙོ་གྲས་ཁག་དང་། བོད་འབྲེལ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་གཙོ་བྱས་པའི་གསར་འགྱུར་སྣ་ཚོགས། གནའ་དེང་གི་མཁས་པ་མང་པོའི་གསུང་རྩོམ། དྲ་ལམ་ན་རྒྱུག་ཆེ་ཞིང་ཀློག་མཁན་མང་པོས་དགའ་བསུ་ཆེ་ཆེར་གནང་བའི་རྩོམ་ཡིག་སྣ་ཚོགས། དེ་མིན་གཞུང་ཕྱོགས་ཀྱིས་བཀས་བཅད་བྱས་པའི་གསར་བྱུང་བརྡ་ཆད། གསར་པར་དཔེ་དེབ་སྣ་ཚོགས། རིག་གནས་སློབ་གསོ་དང་རིམས་ནད་འགོག་སྲུང་སྐོར་གྱི་ཤེས་བྱ་སོགས་ཁྱོན་བསྡོམས་ཆིག་སྟོང་སུམ་བརྒྱ་ལྷག་དུས་ཐོག་ཏུ་དྲ་བར་བཀོད་དེ་རྒྱ་ཆེའི་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་གང་ཐུབ་བྱས། ཡང་གཅིག་བཤད་ན་བླ་མེད་ཀྱི་གྲུབ་འབྲས་འདི་དག་གི་རྒྱབ་ལོག་ན་དུས་ནམ་ཡང་སེམས་ཀྱིས་གཉོར་ཞིང་ངག་གིས་འཚོས་ནས་ཡོང་བའི་ཁྱེད་ཀློག་པ་པོ་དང་རྩོམ་པ་པོ་རྣམས་ཡོད་པ་བརྗེད་ག་ལ་སྲིད།
       དེ་བས་ཀྱང་ཀུན་ལ་ངོམ་དུ་རི་ཞིང་གླེང་རིན་ཡོད་པ་ཞིག་ནི་རང་རེའི་ལས་ཁུངས་ཀྱི་དབུ་ཁྲིད་དག་གིས་དཀའ་སྡུག་དང་ངལ་བ་མང་པོ་རྒྱབ་ཏུ་དོར་ཏེ་འབད་འབུངས་ལྷོད་མེད་ཀྱིས་སྤྱི་ཟླ11པའི་ཚེས28ཉིན་སྟེ་མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་ནས་ལོ་འཁོར་བཅོ་ལྔ་འཁོར་བའི་དུས་བཟང་དང་བསྟུན་མཚོ་སྔོན་པོ་དྲ་བའིAPPམ་ལག་དངོས་སུ་ལེགས་འགྲུབ་བྱུང་སྟེ་ཕྱོགས་ཡོངས་ནས་ཤར་གཏོང་བྱས། འདི་ལས་རང་ཁུལ་གྱི་སྨྱན་སྦྱོར་ཁྱབ་སྤེལ་གྱི་ལས་དོན་ལ་སྔར་ལས་རམ་འདེགས་དང་ཤུགས་སྣོན་བརྒྱབ་ཏེ་དུས་རབས་གསར་པའི་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར། དཔལ་འབྱོར། ཚན་རྩལ་འཕེལ་རྒྱས་སོགས་ཁྱབ་བསྒྲགས་བྱེད་པར་ཕན་ནུས་རྒྱ་ཆེར་ཐོན་ཐུབ་པར་མ་ཟད་རྒྱ་ཆེའི་ཀློག་མཁན་མང་པོར་གསར་འགྱུར་དང་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་གཟིགས་ཐུབ་པར་སྟབས་བདེ་གང་ལེགས་སྐྲུན་ཡོད་དོ། །
       མ་འོངས་པར་ཡང་ངེད་དྲ་བས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་འགྲོ་ཕྱོགས་དང་ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་མཐའ་འཁྱོངས། དྲ་རྒྱའི་བདེ་འཇགས་ཀྱི་གཡུལ་ས་བརྟན་དུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་ཁྱབ་ཁོངས་ཁག་གི་བརྗོད་བྱ་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་མང་དུ་བྱེད་འཆར་ཡོད་ལ། ནང་དོན་དང་སྒྲིག་འགོད་ཀྱི་ཐད་ནས་ཀྱང་སྔར་ལས་འཐུས་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རང་ནུས་གང་ཡོད་གདོན་འཆར་ཡོད། དེ་བཞིན་དུ་ཁྱེད་རྒྱ་ཆེའི་ཀློག་མཁན་དང་རྩོམ་པ་པོ་མང་པོས་ཀྱང་སྔར་བཞིན་རིན་ཐང་བྲལ་བའི་ལྗགས་རྩོམ་མང་པོ་དུས་ཐོག་ཏུ་བསྐུར་གནང་མཛད་དེ་ཀློག་པ་པོ་མང་པོའི་འདོད་འདུན་ཡིད་བཞིན་དུ་བསྐང་རྒྱུར་དྲ་བའི་རྩོམ་སྒྲིག་པས་དུས་ནམ་ཡང་རེ་ཞིང་སྒུག་ནས་ཡོད་དོ། །
       མཐར་གནམ་ལོ་གསར་པའི་ནང་རི་ཁ་བ་གངས་རིའི་ལྗོངས་ཀྱི་རིགས་གཅིག་སྤུན་ཟླ་ཡོངས་ལ་ནད་མེད་ཚེ་རིང་དང་འདོད་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །
གནམ་ལོ་གསར་པའི་རྟེན་འབྲེལ་ཕུན་ཚོགས་ཀྱིས།།
བདེ་ལེགས་ཀུན་འབྱུང་ཕན་བདེ་རྟག་པར་བཀྲ།།
ཚེ་རིང་ནད་མེད་ཅི་བསམ་ལྷུན་འགྲུབ་གྱིས།།
ཡོས་ལོར་ཆོས་རིག་དཔལ་ཡོན་རྒྱས་གྱུར་ཅིག །
འབྲེལ་ཡོད་འོས་སྦྱོར།