logo

མཚོ་འཕགས་སྨི5000ཡོད་པའི་སྡིངས་ཆུང་བྲག་ཕུག་གི་གནའ་ཤུལ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-02-24 ཀློག་གྲངས།:
       སྤྱི་ལོ2021ལོའི་ཟླ7པར། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་ཞིག་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཁྱུང་མགོ་ཤང་ཉེ་འགྲམ་གྱི་མཚོ་འཕགས་སྨི5000ཡོད་པའི་རི་ཁུལ་ཞིག་ཏུ་སླེབས་ཡོད། དེ་གར་ངོ་མཚར་ཆེ་བའི་ས་འོག་བྲག་ཕུག་ཞིག་ཡོད་པ་དང་། བྲག་ཕུག་དེ་ནས་མིའི་རིགས་ཀྱི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་མང་པོ་ཞིག་ཐོན་ཡོད། སྡིངས་ཆུང་བྲག་ཕུག་གི་གནའ་ཤུལ་དེ་ནི་མིག་སྔར་ཀྲུང་གོར་ཤེས་རྟོགས་བྱུང་བའི་མཚོ་འཕགས་མཐོ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཞིག་ཡིན་ལ། བོད་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་སྐབས་ཀྱི་གནའ་ཤུལ་རྐྱང་པའི་ཁྲོད་མིའི་རིགས་ཀྱི་རུས་པ་དང་སྲོག་ཆགས་ཀྱི་རུས་པའི་གྲངས་འབོར་མང་ཤོས་ཡོད་པའི་རྗེས་ཤུལ་ཞིག་ཀྱང་རེད།
       མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་དེ་ནི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་རྟེན་རྫས་སློབ་གླིང་། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་། འབྲོང་པ་རྫོང་རིག་གནས་ཅུས། ཀུའེ་ཀྲོའུ་ཞིང་ཆེན་རི་སའི་ཐོན་ཁུངས་ཞིབ་འཇུག་ཁང་བཅས་ལས་གྲུབ་པ་ཞིག་རེད།
       གལ་ཏེ་ལམ་སྣེ་ཁྲིད་མཁན་མེད་ན། གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་འོག་གི་བྲག་ཕུག་དེ་རྙེད་དཀའ་བ་ཞིག་རེད། རྒྱུ་མཚན་ནི་དེའི་འཛུལ་སྒོའི་ཚངས་ཐིག་ལ་ལི་སྨི60ལས་མེད་པ་མ་ཟད་ཧ་ཅང་རྙེད་དཀའ། བྲག་ཕུག་འཚོལ་ཞིབ་རུ་ཁག་གིས་སྔོན་ལ་ལྗང་མདོག་གི་སྐས་རིམ་རིང་པོ་ཞིག་བརྒྱུད་བྲག་ཕུག་ནང་འཛུལ་ཡོད།
       བྲག་ཕུག་རྟོག་ཞིབ་མི་སྣ། མར་བབ་ན་ཆོག ག་ལེར་ཡིན་དྭ།
       གནའ་རྫས་རྟོག་ཞིབ་མི་སྣ་ཉི་ཤུ་ལྷག་ཙམ་གྱིས་གནའ་རྫས་རྟོག་ཞིབ་ཡོ་བྱད་ཁྱེར་ནས་སྐས་འཛེགས་རིང་པོ་ཞིག་བརྒྱུད་བྲག་ཕུག་གི་ཐོག་ས་དང་པོར་བབས། འཚོལ་ཞིབ་བྱས་པ་བརྒྱུད་ཐོག་ས་དེའི་བྲག་ཕུག་ལ་ས་དོང8དང་བར་ཁྱམས2ཡོད་ཅིང་། རིང་ཚད་ལ་སྨི67ཡོད་པ་རེད། ས་ངོས་སུ་སྲོག་ཆགས་ཀྱི་རུས་པ་དང་མིའི་རིགས་ཀྱི་རུས་པ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད།
       བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁུར་བ་འཕྲིན་ལས་ཚེ་རིང་གིས། གཏིང་ཟབ་ལ་རྒྱ་ཆེ་བའི་བྲག་ཕུག་འདི་འདྲའི་ནང་འཛུལ་ཐེངས་དང་པོ་ཡིན་ཞེས་གསུངས།
       སྡིངས་ཆུང་བྲག་ཕུག་ནང་ཁུལ་ནི་དཔེ་མཚོན་ཅན་གྱི་ཁ་སི་ཐེ་ས་དབྱིབས་ཤིག་རེད། མུ་མཐུད་དེ་འོག་རིམ་གྱི་ཐོག་ས་གཉིས་པར་ལྟ་ཞིབ་བྱེད་སྐབས། དཀའ་གནད་གསར་པ་ཞིག་འཕྲད་ཡོད་པ་སྟེ། གོང་འོག་རིམ་པ་གཉིས་ཀྱི་བྲག་ཕུག་བར་རིང་ཚད་ལ་སྨི14ཡོད་པའི་ཁྲོན་པ་ཞིག་ཡོད་པ་དེ་ནི་ཐོག་བརྩེགས་གསུམ་གྱི་མཐོ་ཚད་དང་མཚུངས།
       ཀུའེ་ཀྲོའུ་ཞིང་ཆེན་རི་སའི་ཐོན་ཁུངས་ཞིབ་འཇུག་ཁང་གི་བྲག་ཕུག་རྩད་ཞིབ་རིགས་གཅིག་མཁས་ཅན་ཝང་ཏེ་ཡོན་གྱིས། དཀའ་ཚེགས་ཆེ་ཤོས་ནི་སྨི་བཅུ་གྲངས་ཡོད་པའི་ཁྲོན་པ་དེ་རེད། བྱས་ཙང་ང་ཚོས་རྒྱུན་དུ་ཐག་པ་གཅིག་ལ་བརྟེན་ནས་མི་སྣ་ཡར་འཛེགས་མར་བབ་བྱེད་ཀྱི་ཡོད་ཅེས་གསུངས།
       གཞི་ནས་རུ་མི་རྣམས་དཀའ་ཚེགས་ཆེ་བའི་ངང་འོག་རིམ་གྱི་བྲག་ཕུག་ཏུ་སླེབས་པ་དང་། དེར་གཡས་གཡོན་དུ་ས་དོང་གཉིས་ཡོད་པ་དང་རིང་ཚད་ལ་སྨི50ཡོད། ས་ངོས་སུ་མིའི་རིགས་ཀྱི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་མང་པོ་སྤུངས་ཡོད་པ་རེད།
       ལུས་ཧུང་ལེའང་གིས། ངས་ཐེངས་གཅིག་ལ་རུས་པ་ག་ཚོད་སྒྲུག་ཡོང་མི་འདུག་གམ།
       བྲག་ཕུག་གནའ་རྫས་རྟོག་ཞིབ་ལས་དོན་ཁྲོད་འགྲན་རྩོད་ཆེ་ཤོས་ནི་བར་སྟོང་གི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་མང་བ་མ་ཟད། བྲག་ཕུག་ནང་རྦབ་རྡོ་མང་བ་དང་མཁའ་རླུང་སྐམ་ཤས་ཆེ་བས་ཐལ་རྡུལ་ལངས་སླ་པོ་ཡོད། གནའ་རྫས་རྟོག་ཞིབ་རུ་མིས་ཁ་རས་བརྒྱབ་ནས་ཞིབ་ཕྲའི་ངང་ཤུལ་བཞག་དངོས་རྫས་གཙང་སེལ་བྱས་ཏེ་བྲག་ཕུག་ལ་ཁྱོན་ཡོངས་ནས་ཚད་ལེན་རིས་བྲིས་བྱས་ཡོད།
       སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་རྟེན་རྫས་སློབ་གླིང་གནའ་རྫས་རྟོག་ཞིབ་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཡང་ཧྥུང་གིས། དེའི་རྩ་བའི་རིག་པ་ནི་སྐུལ་འོད་བར་ཐག་འཇལ་ཆས་དང་ང་ཚོའི་རྩ་གསུམ་དཔེ་དབྱིབས་ལག་རྩལ་བརྒྱུད་དེ་གནའ་རྫས་རྟོག་ཞིབ་གནའ་ཤུལ་ཧྲིལ་པོའི་ཆ་འཕྲིན་ཉར་ཚགས་བྱེད་དགོས་པ་དེ་ཡིན་ཞེས་གསུངས།
       ཐོག་མའི་ཆོད་སྡོམ་དང་བསྡོམས་རྩིས་བྱས་པ་བརྒྱུད། གནའ་རྫས་རྟོག་ཞིབ་པས་སྡིངས་ཆུང་བྲག་ཕུག་ནང་གི་མིའི་རིགས་ཀྱི་དངོས་པོའི་གྲངས་ཚད་ཉུང་མཐར་ཡང་ཁག100ཡོད་པ་དང་། སྲོག་ཆགས་ཀྱི་དངོས་པོའི་གྲངས་ཚད་ཉུང་མཐར་ཡང་ཁག350ཡོད་པ་ཤེས་རྟོགས་བྱུང་ཡོད།
       བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་རིག་གནས་རྟེན་རྫས་ཁང་གི་འགན་འཁུར་བ་འཕྲིན་ལས་ཚེ་རིང་གིས། བྲག་ཕུག་དེའི་ནང་མིའི་རིགས་ཀྱི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་མང་པོ་སྦས་ཡོད་པ་དེར་ང་ཚོས་བྲག་ཕུག་ནང་གི་དུར་རྫས་ཤུལ་བཞག་ཅེས་བརྗོད་ཀྱི་ཡོད། གནའ་རྫས་ཤུལ་བཞག་དེ་ལྟ་བུ་ནི་བོད་ལྗོངས་ཀྱི་རྟོག་ཞིབ་ལས་ཀའི་ནང་ཧ་ཅང་མཐོང་དཀོན་པ་ཞིག་རེད་ཅེས་གསུངས།
       ལོ་ཚིགས་གྲངས་གཞི་ལྟར་ན། སྡིངས་ཆུང་བྲག་ཕུག་གི་གནའ་ཤུལ་ནི་ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ་བསྟུད་མར་བེད་སྤྱོད་པའི་མིའི་རིགས་ཀྱི་འགུལ་སྐྱོད་ཤུལ་བཞག་ཅིག་ཡིན་པ་དང་། ད་བར་ཧ་ལམ་ལོ་ངོ2300ནས1700བར་གྱི་ལོ་རྒྱུས་ལྡན་ཡོད།
       འོ་ན་དམིགས་བསལ་གྱི་དུར་རྫས་རྣམ་པ་འདི་འདྲ་ཡོད་དོན་ཅི་ཡིན་ནམ་ཞེ་ན། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་རྟེན་རྫས་སློབ་གླིང་གི་འགོ་འཛིན། དགེ་རྒན་ཆེ་མོ་བ་ལུའེ་ཧུང་ལེའང་གིས། བོད་ལྗོངས་ཀྱི་ནུབ་རྒྱུད་དུ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་སྤྱི་ལོའི་དུས་རབས་གསུམ་པའི་བར་ལོ་ངོ600ཙམ་གྱི་དུས་ཚོད་ནང་མི་རྣམས་ཀྱིས་ཁོང་ཚོའི་འདས་ཟིན་པའི་མེས་པོའི་ཕུང་པོ་མཚོ་འཕགས་སྨི5000ཡོད་པའི་བྲག་ཕུག་གི་གཏིང་སར་སྤོ་བཞིན་ཡོད། དེ་ནི་རྒྱུན་གཏན་གྱི་འཚོ་སྡོད་ཁུལ་ཞིག་མིན་པར་བླ་ན་མེད་པའི་གུས་སྲོལ་དང་འབྲེལ་བ་ཡོད་པའི་ས་འོག་གི་ཁོར་ཡུག་ཅིག་ཡིན་སྲིད་ཅེས་གསུངས།
       བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ཤར་རྒན་དབང་འདུས་ལགས་ཀྱིས། བྲག་ཕུག་དུར་ས་ནི། རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་དམིགས་བསལ་ས་ཁོངས་རིག་གནས་ཀྱི་འདས་མཆོད་གོམས་སྲོལ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྲིད་ཅེས་གསུངས།
       སྡིངས་ཆུང་བྲག་ཕུག་དེ་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་བྱང་རི་འདབས་བར་གྱི་གལ་འགངས་ཆེ་བའི་འགྲོ་ལམ་དང་བར་ཐག་ཉེ་པོ་ཡོད་པས། བྲག་ཕུག་ནང་དུར་རྫས་དེ་རིགས་སྦས་སྲོལ་ནི་ལྷོ་འདབས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཐོན་གྱི་ཡོད། ལྷག་པར་དུ་ས་འོག་ནས་ཐོན་པའི་ཤུལ་བཞག་དངོས་རྫས27གྱི་ཁྲོད་དུ་སྨྱུག་ཆས་སོགས་ཚུད་ཡོད། 
       བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་རིག་གནས་རྟེན་རྫས་ཁང་གི་འགན་འཁུར་བ་འཕྲིན་ལས་ཚེ་རིང་གིས། ང་ཚོས་སྨྱུག་ཆས་ལ་ཐོག་མའི་བརྡར་ཤ་བཅད་པ་བརྒྱུད། དེའི་རིག་གནས་ཀྱི་རྣམ་པ་དེ་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ཀྱི་ནེ་པ་ལའི་མུའུ་སི་ཐང་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་གྱི་ད་བར་ལོ་ངོ་ཉིས་སྟོང་ཡས་མས་ཟིན་པའི་ཟངས་མདའ་ལུང་སྒོ་དུར་ས་དང་། ཆུ་ཐ་བང་སོ། ཕྱི་དབང་དུང་དཀར་བང་སོ་སོགས་དང་གཅིག་མཚུངས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན་ཡོད་ཅེས་གསུངས།
       མིག་སྔར་གནའ་རྫས་རྟོག་ཞིབ་ཚོགས་པས་གཟུགས་གཞི་མིའི་རིགས་རིག་པ་དང་། སྲོག་ཆགས་གནའ་རྫས་རྟོག་ཞིབ་རིག་པ། གནའ་བོའི་གཞི་རྒྱུ་གནའ་རྫས་རྟོག་ཞིབ་རིག་པ། བྲག་ཕུག་ཞིབ་འཇུག་སོགས་རིག་ཚན་མང་པོའི་ཞིབ་འཇུག་བྱེད་བཞིན་ཡོད། དཔང་རྟགས་དེ་རྣམས་ཀྱིས་བོད་ལྗོངས་ནུབ་རྒྱུད་ཀྱི་སྔ་དུས་ལོ་རྒྱུས་དང་རི་བོ་ཧི་མ་ལ་ཡའི་རི་ཁུལ་བརྒལ་བའི་རིག་གནས་སྤེལ་རེས་ལ་ཞིབ་འཇུག་བྱེད་པའི་ཐད་རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།