logo

བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས“ཚོགས་ཆེན་གཉིས”ཀྱི་ཡིག་ཆ་ཡོངས་རྫོགས་ཀྱི་ཡིག་སྒྱུར་བྱ་བ་ཡོངས་འགྲུབ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-17 ཀློག་གྲངས།:
“ཚོགས་ཆེན་གཉིས”ཀྱི་དགོངས་དོན་རྟོགས་ཕྱིར། ཉིན་མཚན་དབྱེར་མེད་ལོ་ཙཱའི་བྱ་བར་འབད།

        2023ལོའི་བྲག་དཀར་རྫོང་གི“ཚོགས་ཆེན་གཉིས”བདེ་བླག་ངང་འཚོག་པར་ཁག་ཐེག་བྱ་ཆེད། རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ཆེད་ལས་ཀྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། ལས་ཀ་མང་ལ་ལས་འགན་ལྕི་བའི་གནས་ཚུལ་ལ་གཞིགས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་རྫོང་སློབ་གསོ་ཅུས་དང་རྫོང་ཆོས་ལུགས་ཅུས། རྫོང་ཉི་ཟེར་སྲིད་དོན་གཞུང་ལས་ཁང་བཅས་ནས་མི་སྣ་གསུམ་ཆེད་དུ་ལོ་ཙཱའི་ལས་རྐང་དུ་གནས་སྐབས་སྐོང་འཐེན་བྱས་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཡིག་སྒྱུར་གྱི་ལས་འགན་ཁྲོད་ཞུགས། ཉིན་རྒྱུན་ལས་ཞུགས་ཀྱི་དུས་ཚོད་ལས་གཞན་གཟའ་མཇུག་དང་ངལ་གསོའི་དུས་ཚོད་བཀོལ་སྤྱོད་བྱས་ཏེ“དུས་ཡུན་ཐུང་ངུའི་ནང་ལས་འགན་འགྲུབ་དགོས་པའི”བླང་བྱ་གཞིར་བཟུང་ནས་མ་ཡིག་ལ་བློ་དཀར་དགོས་ཤིང་འགྱུར་ཡིག་ལ་དག་ཐོན་པ། ཚིག་སྦྱོར་སྡེབ་ལེགས་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། གཟའ་འཁོར་གཉིས་ལྷག་གི་དུས་ཚོད་དམ་འཛིན་བྱས་ཏེ་མ་ཡིག་ལ་གོ་བ་གཏིང་ཟབ་ལེན་པ། ནན་ཏན་གྱིས་ཡིག་སྒྱུར་བྱེད་པ། དག་བཅོས་བྱེད་པ། ཞུ་དག་དང་པར་གཞི་བཅོས་སྒྲིག་བཅས་ལས་རིམ་ཧྲིལ་བོ་ལེགས་པོར་བསྒྲུབས་ཏེ། དུས་ལྟར“ཚོགས་ཆེན་གཉིས”ཀྱི་ཡིག་ཆ་ཡོངས་རྫོགས་ཀྱི་ཡིག་སྒྱུར་བྱ་བ་ཡོངས་འགྲུབ་བྱས།
       བསྒྱུར་བྱའི་ཡིག་ཆ་གཙོ་བོ་ནི་བྱ་བའི་སྙན་ཞུ་ཁ་ཚང་དང་མགོ་ཁྲིད་ཀྱི་གསུང་བཤད། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་གྲོས་གཞི། གནམ་གཤིས་སྔོན་བརྡ། སྒྲོག་བྱང་དང་འཕྲེད་བྱང་རིགས་སྣ་ཚོགས་ཡོད་དེ། «སྲིད་གཞུང་བྱ་བའི་སྙན་ཞུ» «བྲག་དཀར་རྫོང་གི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ།» «བྲག་དཀར་རྫོང་གི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།» «རྫོང་དམངས་ཆེན་བྱ་བའི་སྙན་ཞུ» «དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་ཚུལ་སྙན་ཞུ» «རྫོང་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།» «རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།» «སྡོམ་རྩིས་དྲིལ་སྒྲོག་ལག་དེབ།»བཅས་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཧའེ་ཧྲན་གྱི“ཚོགས་ཆེན་གཉིས”ཀྱི་ཏང་ཡོན་ཚོགས་འདུའི་སྟེང་གི་གཏམ་བཤད་བཅས་ཡིག་ཆ་ཆེ་གྲས9ལྷག་ཡིག་བསྒྱུར་བྱས་ཤིང་། ཁྱོན་ཤོག་གྲངས336དང་ཡིག་འབྲུ་ཁྲི16.8ལ་སླེབས། སྲིད་གྲོས་གྲོས་ཚོགས་ཀྱི«སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ»དང«སྲིད་གྲོས་གྲོས་གཞི་བྱ་བའི་སྙན་ཞུ»གཉིས་ལ་ཤོག་གྲངས37ཡོད་པ་དང་ཡིག་འབྲུ་ཁྲི2.6ལྷག་ཡོད། ཁྱོན་སྡོམ་ཡིག་ཆ11ཤོག་གྲངས373ཡོད་པ་དང་། ཡིག་འབྲུ་ཁྲི19.4ཟིན།
       ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་ཁོ་ཚོས་འགྱུར་ཡིག་གི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བའི་རྨང་གཞིའི་སྟེང་དུ་འཐུས་མི་དང་ཨུ་ཡོན་དག་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་ནུས་པ་ཅི་ལྕོག་སྒོས་བསྒྱུར་ནོར་དང་ཆད་ལྷག་ཤོར་བ། ཡིག་ནོར་གཏག་ནོར་སོགས་ཀྱི་སྐྱོན་ཅི་རིགས་མི་འབྱུང་བའི་ཐད་ལ་འབད་པ་ལྷུར་ལེན་བྱས་མཐར། འགྱུར་ཡིག་གི་རྒྱུ་སྤུས་མཐོ་ཞིང་ལོ་ཙཱའི་ལས་འགན་ལེགས་པར་འགྲུབ་པ་དང་། རྒྱ་ཆེའི་རོང་འབྲོག་འཐུས་མི་ཨུ་ཡོན་རྣམས་ཀྱིས་སྙན་ཞུའི་ནང་དོན་དང་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་མོ་ལེན་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཞིང་། འཐུས་མི་དང་ཨུ་ཡོན་དག་གིས་འགན་སྒྲུབ་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ་བྲག་དཀར་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་འདོན་པར་རོགས་འདེགས་བྱས།
ཡོང་ཁུངས། བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
འབྲེལ་ཡོད་འོས་སྦྱོར།