logo

མཚོ་སྔོན་གྱིས“སྦྲེལ་དྲ་བོད་ལུཊ་སྨན་ཁང”བཙུཊ་ཏེ་དམངས་ལ་ཕན་པ་སྐྲུན།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-04-02 ཀློག་གྲངས།:
       ཟླ3པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ནས་བཏོད་པའི“སྦྲེལ་དྲ་བོད་ལུགས་སྨན་ཁང”དངོས་སུ་སྤྱོད་མགོ་ཚུགས་ལ། སྟེགས་བུ་དེས་དྲ་ཐོག་ནས་ནད་ལ་ལྟ་བ་དང་དྲ་ཐོག་ནས་སྨན་བཅོས། སྨན་ཐོ(རྒྱ་བོད་སྐད་གཉིས)འབྲི་བ་དང་སྨན་སྐྱེལ་བ་སོགས་བརྒྱུད་རིམ་ཧྲིལ་བོའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་རོང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ནད་ལ་ལྟ་དཀའ་བ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ཞབས་ཞུའི་སྟབས་བདེ་རང་བཞིན་ཆེ་རུ་བཏང་ཡོད།
       “སྦྲེལ་དྲ་བོད་ལུགས་སྨན་ཁང”ནི་མཚོ་སྔོན་ཞིང་ཆེན་གྱིས“སྦྲེལ་དྲ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ”མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་དྲ་ཐོག་ལས་སྟེགས་ཤིག་རེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་ཐིང་ཅུན་གྱིས། “སྦྲེལ་དྲ་བོད་ལུགས་སྨན་ཁང”གིས་སྦྲེལ་དྲ་དང་བོད་ལུགས་གསོ་རིག་སྨན་རྫས་ཟུང་འབྲེལ་དམ་ཚགས་བྱས་ནས། སྲོལ་རྒྱུན་གྱི་སྨན་བཅོས་ཞབས་ཞུའི་ཡུལ་དུས་ཀྱི་འཆིང་རྒྱ་ལས་ཐར་ཏེ་མང་ཚོགས་ཀྱི་སྨན་བཅོས་བྱེད་པའི་སྣ་མང་དགོས་མཁོ་བསྐངས་ནས་སྨན་བཅོས་ཞབས་ཞུ་སླར་ཡང་རྒྱ་ཆེར་བཏང་བ་དང་དམངས་ལ་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།
       “སྨན་པ། ཁྱོད་བདེ་མོ། ངའི་གཟུགས་པོ་བདེ་པོ་མི་འདུག ཐང་ཆད་པ་དང་གཟུགས་པོའི་ལྗིད་ཚད་ཆག་འདུག སྨན་ཅི་ཞིག་བསྟེན་ན་ལེགས”ཞེས་འབྲོག་པ་ཉི་མ་དོན་གྲུབ་ཀྱིས་ལག་ཐོགས་ཁ་པར་བརྒྱུད་དེ་སྨན་པ་བསྟེན་པ་རེད།
       ཉི་མ་དོན་གྲུབ་ད་ལོར་ལོ30ལ་སླེབས་ཤིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ར་སྨད་གྲོང་རྡལ་པད་མ་སྡེ་བར་བསྡད་ཡོད། དུས་རྒྱུན་ཁོ་འཕྲུལ་རྟར་བཞོན་ནས་ར་སྨད་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད་པས་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། ཉི་མ་དོན་གྲུབ་ཀྱིས་ད་ལྟ་སྦྲེལ་དྲ་བོད་ལུགས་སྨན་ཁང་བརྒྱུད་དེ། རང་ཁྱིམ་གྱི་སྒོ་རྩ་ནས་སྐད་གྲགས་ཆེ་བའི་ཆེད་མཁས་པ་དང་འབྲེལ་འདྲིས་བྱེད་ཆོག་པར་མ་ཟད། སྨན་ཡང་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་པས་དངོས་ནས་སྟབས་བདེ་བོ་འདུག་ཅེས་བཤད།
       ར་སྨད་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་མགོ་འཛིན་གྲགས་པ་འོད་ཟེར་གྱིས་གསར་འགོད་པར། མིག་སྔར་འཕྲོད་བསྟེན་ཁང་གིས་གྲོང་རྡལ་དེ་ཡོངས་ཀྱི་མང་ཚོགས་ཁྲི2ཙམ་ལ་ཞབས་འདེགས་ཞུ་བཞིན་ཡོད་མོད། འོན་ཀྱང་སྨན་པའི་ཐོན་ཁུངས་ཅུང་དཀོན། “སྦྲེལ་དྲ་བོད་ལུགས་སྨན་ཁང”བརྒྱུད་མང་ཚོགས་ལ་དུས་ཐོག་ཏུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།
       ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་མགོ་གཙོ་ཀྲའོ་ཁྲུང་གིས། “སྦྲེལ་དྲ་བོད་ལུགས་སྨན་ཁང”ནི་བློ་འདྲི་དང་བསྐྱར་བཅོས། རྒྱ་བོད་སྐད་ཡིག་གཉིས་ཀྱི་སྨན་ཐོ་བཟོས་ནས་ཞིབ་བཤེར་གཏན་འབེབས། ཟོག་འགྲེམས་སྡེབ་སྐྱེལ་སོགས་གཞི་གཅིག་ཅན་གྱི་དྲ་ཐོག་ཞབས་ཞུའི་མ་ལག་ཅིག་རེད། ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་དེས་དངུལ་རྩའི་སྒྲིག་གཞིས་སྨན་ཁང་གིས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་དང་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བར་རམ་འདེགས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།