བོད་ལྗོངས་ཀྱི་བྲག་ཕུག་དགོན་པར་མཐོང་དཀོན་པའི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-04-14
ཀློག་གྲངས།:
གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་བྲག་ཕུག་དགོན(རྡོ་བརྐོས)པར་ཆེད་དོན་བརྟག་དཔྱད་ལས་དོན་སྤེལ་བའི་རིང་། གནའ་རྫས་རྟོག་ཞིབ་པས་བོད་ལྗོངས་ཤར་ཕྱོགས་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ཀྱི་གནས3དུ་དཔེ་མཚོན་རང་བཞིན་གྱི་བོད་བཙན་པོའི་དུས་ཀྱི་ནང་བསྟན་སྐུ་འདྲའི་གཟུགས་བརྙན་བྲག་བརྐོས་རྡོ་རིས་རྙེད་པ་རེད།

(གཡོན)ལས་དོན་མི་སྣས་བྲག་བརྐོས་རི་མོ་ལ་བརྟག་དཔྱད་བྱེད་བཞིན་པ། (གཡས)བྲག་བརྐོས་རི་མོའི་ད་ལྟའི་རྣམ་པ།
རྒྱུས་ལོན་པ་ལྟར་ན། 2021ལོར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་སྨར་ཁམས་རྫོང་རིག་གནས་ཅུའུ། ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་བརྟག་དཔྱད་ཚན་ཆུང་བཙུགས་ནས། སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕང་ལུང་གྲོང་ཚོ་དང་། སྤང་མདའ་ཤང་ལྷ་མདུན་གྲོང་ཚོའི་གནས3ནས་བསྡོམས་པས་བྲག་བརྐོས་རི་མོ་ནང་བསྟན་སྐུ་འདྲ11རྙེད་པ་དང་། དེའི་ནང་ནང་བསྟན་སྐུ་འདྲ10ནི་དཔེ་མཚོན་རང་བཞིན་གྱི་བོད་བཙན་པོའི་དུས་ཀྱི་གཟུགས་བརྙན་རྣམ་པ་ཡིན།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ཡིག་ཚགས་པ་འཕྲིན་ལས་ཚེ་རིང་གིས། སྨར་ཁམས་རྫོང་རིག་གནས་ཅུའུ་ཡི་ལས་དོན་མི་སྣས་ཁུངས་སྣེ་མཁོ་འདོན་བྱས་པ་ལྟར་གནའ་རྫས་རྟོག་ཞིབ་པས་རྙེད་པའི་གནས3གྱི་བྲག་བརྐོས་རི་མོའི་སྐུ་འདྲ་དེ་བོད་ཤར་རྒྱུད་ཀྱི་བོད་བཙན་པོའི་བྲག་བརྐོས་སྐུ་འདྲ་དང་གཅིག་མཐུན་རང་བཞིན་ཡོད་པ་དང་། ཡིན་ཡང་དེ་གཉིས་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡང་མངོན་ཡོད། སྐུ་འདྲ་དེ་གཉིས་ཀྱིས་སྒྱུ་རྩལ་རྣམ་པ་གསར་པ་མངོན་པར་མ་ཟད། ད་དུང་ཇོ་བོའི་གཟུགས་བརྙན་དང་། གླང་ཆེན་བཞོན་པའི་འཕགས་པ་ཀུན་ཏུ་བཟང་པོ་དང་སེང་གེ་བཞོན་པའི་འཇམ་པའི་དབྱངས་སོགས་ཀྱི་མཐོང་དཀོན་པའི་རྒྱུ་ཆའང་རྙེད་ཡོད།

(གཡོན)ས་ཚིགས་ཞིག་གི་བྲག་བརྐོས་རི་མོའི་སྐུ་འདྲ་ཁྱབ་ཚུལ། (གཡས)ལྷ་མདུན་གྲོང་ཚོའི་སེང་གེར་བཞོན་པའི་འཇམ་པའི་དབྱངས་ཀྱི་གཟུགས་བརྙན།
“བྲག་བརྐོས་རི་མོ་རྩ་ཆེན་འདི་དག་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་བཙན་པོའི་དུས་ཀྱི་ནང་བསྟན་སྐུ་འདྲ་ཞིབ་འཇུག་བྱེད་པའི་བར་སྟོང་ཁྱབ་ཚུལ་དང་། སྒྱུ་རྩལ་རྒྱུད་འཛིན་དང་བསམ་བློ་རྒྱུད་འཛིན་སོགས་ལ་རྒྱུ་ཆ་གལ་ཆེན་བསྐྲུན་ཡོད། དེའི་ནང་ང་ཚོས་ཐེག་ཆེན་སོགས་ཀྱི་བསམ་བློ་འོག་མངོན་པའི་སེང་གེ་བཞོན་པའི་འཇམ་པའི་དབྱངས་དང་གླང་ཆེན་བཞོན་པའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་འདྲ་གཉིས་རྙེད་པ་དེས་ཐང་རྒྱལ་རབས་དུས་ཀྱི་རྒྱ་བོད་རིག་གནས་བརྗེ་རེས་དང་ཐང་བོད་གནའ་ལམ་ཞིབ་འཇུག་བཅས་ཀྱི་ཕྱོགས་ལ་རིག་གཞུང་གི་རིན་ཐང་གལ་ཆེན་ལྡན་ཡོད”ཟེར།བོད་ལྗོངས་ཀྱི་བྲག་ཕུག་དགོན་དང་བྲག་བརྐོས་སྐུ་འདྲ་ཆེད་དོན་བརྟག་དཔྱད་ལས་དོན་དེ2020ལོའི་ཟླ12པར་དངོས་སུ་མགོ་བརྩམས་པ་དང་། གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་བོད་ལྗོངས་སུ་བསྡོམས་པས་བྲག་ཕུག་དགོན་པ་དང་བྲག་བརྐོས་སྐུ་འདྲ་གནས277ལ་བརྟག་དཔྱད་བྱས་ཤིང་། དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གནས7དང་། བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གནས23། གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གནས48། སྤྱིར་བཏང་གི་རིག་དངོས་ས་ཚིགས199བཅས་ཚུད་ཡོད། །
འབྲེལ་ཡོད་འོས་སྦྱོར།