logo

གན་རྒྱའི་སྐོར་གྱི་ཤེས་བྱ་ཕྲན་བུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-05-19 ཀློག་གྲངས།:
གཅིག «དམངས་དོན་ཁྲིམས་གཞུང»དུ་བཀོད་པའི་གན་རྒྱ་ལ་རིགས་གང་དག་ཡོད་པ་དང་། གཉེན་སྒྲིག་དང་ཉར་གསོ། ལྟ་སྐྱོང་སོགས་ཐོབ་ཐང་དང་འབྲེལ་བའི་གྲོས་མོལ་དེ་གན་རྒྱའི་ལེ་ཚན་གྱི་གཏན་འབེབས་གཞིར་བཟུང་ནས་སྤྱད་ཆོག་གམ།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང»གི་དོན་ཚན464པར་གཏན་འབེབས་བྱས་དོན། གན་རྒྱ་ནི་དམངས་དོན་བྱེད་པོའི་བར་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་བཟོ་བཅོས་རྒྱག་པ། མཚམས་འཇོག་པ་བཅས་ཀྱི་གྲོས་མོལ་ཞིག་ཡིན།
       གཉེན་སྒྲིག་དང་ཉར་གསོ། ལྟ་སྐྱོང་སོགས་ཐོབ་ཐང་དང་འབྲེལ་བའི་གྲོས་མོལ་ལ། ཐོབ་ཐང་དེ་དག་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་གཏན་འབེབས་སྤྱོད་འོས། གཏན་འབེབས་བྱས་མེད་པའི་རིགས་ལ་དེའི་ངོ་བོར་གཞིགས་ནས་ལེའུ་འདིའི་གཏན་འབེབས་སྤྱད་ཆོག
       ང་ཚོ་དུས་རྒྱུན་གྱི་འཚོ་བའི་ཁྲོད་འཕྲད་སྲིད་པའི“འཛིན་ཡིག”དང“གྲོས་མཐུན”། “གྲོས་མཐུན་ཡི་གེ”སོགས་ཀྱང་བཅའ་ཁྲིམས་ཀྱི་ངོས་ཐད་ནས་བཤད་ན་མང་ཆེ་བ་གན་རྒྱ་ཡིན་ལ། «དམངས་དོན་ཁྲིམས་གཞུང»དུ་ཉོ་འཚོང་གན་རྒྱ་གཏན་འབེབས་བྱས་ཡོད་ཅིང་། གློག་དང་ཆུ། དྲོད་རླངས། སོལ་རླངས་སོགས་ཀྱི་གན་རྒྱ་དང་འབུལ་སྐྱེས་གན་རྒྱ། དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ། བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱ། མ་དངུལ་བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱ། འགན་བཅོལ་གན་རྒྱ། སྒྲུབ་འགན་ལེན་པའི་གན་རྒྱ། ལས་གཞི་འཛུགས་སྐྲུན་གྱི་གན་རྒྱ། སྐྱེལ་འདྲེན་གྱི་གན་རྒྱ། ལག་རྩལ་གན་རྒྱ། དོ་དམ་གན་རྒྱ། གསོག་ཉར་གན་རྒྱ། མངགས་བཅོལ་གན་རྒྱ། གཞིས་ལས་ཞབས་ཞུའི་གན་རྒྱ། བར་འཚོང་གན་རྒྱ། མཉམ་ལས་གན་རྒྱ་སོགས་དཔེ་མཚོན་རང་བཞིན་གྱི་གན་རྒྱ་རིགས19གཏན་འཁེལ་བྱས་ཡོད། དེ་བཞིན་མ་སྐུལ་དང་ལེན་གྱི་དོ་དམ་དང་ཚུལ་མིན་ཁེ་ཐོབ་ཀྱི་གན་རྒྱ་གཉིས་ཀྱང་གཏན་འཁེལ་བྱས་ཡོད།
གཉིས། ཡིག་ཐོག་དང་གློག་རྡུལ་རྣམ་པའི་གན་རྒྱ་གཉིས་ལ་སོ་སོར་ག་དུས་ནས་ནུས་པ་ཐོན་མགོ་ཚུགས་པ་ཡིན་ནམ།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང»གི་དོན་ཚན490པར་གཏན་འབེབས་བྱས་དོན། དོ་བདག་གིས་ཡིག་ཐོག་ནས་གན་རྒྱ་འཇོག་སྐབས། ཕྱོགས་སོ་སོའི་དོ་བདག་པས་མིང་རྟགས་བཀོད་པ་དང་། ཐམ་ག་བརྒྱབ་པའམ་ཡང་ན་མཛུབ་ཐེལ་མནན་པ་ནས་བཟུང་གན་རྒྱར་དངོས་སུ་ནུས་པ་ཐོན་མགོ་ཚུགས་པ་ཡིན། མིང་རྟགས་དང་ཐམ་ག ཡང་ན་མཛུབ་ཐེལ་མ་མནན་གོང་ལ་དོ་བདག་ཕྱོགས་གཅིག་གིས་འོས་འགན་གཙོ་བོ་བསྒྲུབས་ཟིན་ཚེ། ཕྱོགས་ཅིག་ཤོས་ཀྱིས་དང་ལེན་བྱེད་པའི་སྐབས་ནས་བཟུང་གན་རྒྱར་ནུས་པ་ཐོན་མགོ་ཚུགས་པ་ཡིན།
       བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འཁེལ་བྱས་པའམ། ཡང་ན་དོ་བདག་པས་གན་རྒྱར་ཡིག་ཐོག་གི་རྣམ་པ་སྤྱོད་པར་ཁ་ཆད་བྱས་པ་ལ། གན་རྒྱ་འཇོག་སྐབས་དོ་བདག་གིས་ཡིག་ཐོག་གི་རྣམ་པ་མ་སྤྱད་ནའང་། ཕྱོགས་གཅིག་གིས་འོས་འགན་གཙོ་བོ་བསྒྲུབས་ཟིན་པ་དང་ཕ་རོལ་པོས་དེ་དང་ལེན་བྱེད་པའི་སྐབས་དེར་གན་རྒྱར་ནུས་པ་ཐོན་མགོ་ཚུགས་པ་ཡིན།
       དོན་ཚན491པར་གཏན་འབེབས་བྱས་དོན། དོ་བདག་གིས་འཕྲིན་ཡིག་དང་གཞི་གྲངས་གློག་འཕྲིན་སོགས་ཀྱི་རྣམ་པ་སྤྱད་དེ་གན་རྒྱ་བཞག་པ་ལ། ཁས་ལེན་ཡི་གེ་འབྲི་བར་རེ་བ་བཏོན་པར། དངོས་སུ་ཁས་ལེན་ཡི་གེ་བཀོད་ཚེ་གན་རྒྱ་བཞག་པར་བརྩི་བ་ཡིན།
       དོ་བདག་ཕྱོགས་གཅིག་གིས་མཉམ་འབྲེལ་དྲ་རྒྱ་སོགས་ཆ་འཕྲིན་དྲ་བ་བརྒྱུད་ནས་ཁྱབ་སྒྲོག་བྱས་པའི་ཚོང་ཟོག་གམ་ཞབས་ཞུའི་ཆ་འཕྲིན་དག་ཁ་དན་གྱི་ཆ་རྐྱེན་དང་མཐུན་ན། ཕྱོགས་ཅིག་ཤོས་ཀྱིས་ཚོང་ཟོག་གམ་ཞབས་ཞུའི་རིགས་བདམས་ཤིང་མངགས་ཐོ་ལེགས་འགྲུབ་བྱུང་དུས་གན་རྒྱ་བཞག་པ་ཡིན་མོད། འོན་ཀྱང་དོ་བདག་ལ་ཁ་ཆད་གཞན་ཡོད་ན་དེའི་ཁོངས་སུ་མི་འདུ།
       དེ་སྔའི«གན་རྒྱའི་སྐོར་གྱི་བཅའ་ཁྲིམས»དང་བསྡུར་ན་མཛུབ་ཐེལ་མནན་པས་ཀྱང་མིང་རྟགས་དང་ཐམ་ག་འདྲ་བའི་ནུས་པ་ཐོན་པ་ཡིན། འདི་ནི«དམངས་དོན་ཁྲིམས་གཞུང»དུ«ཆེས་མཐོའི་མི་དམངས་ཁྲིམས་ཁང་གི(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས)སྤྱོད་གོ་ཆོད་པའི་གནད་དོན་འགའི་འགྲེལ་བཤད(གཉིས་པ)»ཀྱི་དོན་ཚན་ལྔ་པའི་ནང་དོན་སྡུད་ལེན་བྱས་པ་ཡིན་ཞིང་། བཅའ་ཁྲིམས་ལག་ལེན་གྱི་དགོས་མཁོ་དང་མཐུན་པ་རེད།
       «དམངས་དོན་ཁྲིམས་གཞུང»གི་དོན་ཚན491པའི་ཁོད་ཚན་གཉིས་པ་ནི་གསར་དུ་བསྣན་པའི་གཏན་འབེབས་ཡིན་ཞིང་། དྲ་རྒྱའི་འཕེལ་རྒྱས་དང་བསྟུན་ནས། སྤྱི་དམངས་ཀྱིས་དྲ་རྒྱ་བརྒྱུད་དེ་ཉོ་འཚོང་བྱེད་པ་ཡང་སྔ་མོ་ནས་ཡོངས་ཁྱབ་ཏུ་སོང་བའི་དོན་དངོས་ཤིག་རེད། བཅའ་ཁྲིམས་གསར་པས་གློག་རྡུལ་གན་རྒྱ་འཇོག་པའི་དུས་ཚོད་ལ་གཏན་འབེབས་ཁ་གསལ་བྱས་ཏེ། དྲ་རྒྱའི་ཉོ་འཚོང་གི་རྩོད་གཞི་ཐག་གཅོད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འཐུས་ཚང་དུ་བཏང་ཡོད།
གསུམ། སྒོར་མོ་བསྐྱི་བའི་གན་རྒྱའི་ནང་གི་སྐྱེད་ཀ་ཇི་ལྟར་སྤྲོད་དགོས་སམ།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང»གི་དོན་ཚན670པར་གཏན་འབེབས་བྱས་དོན། སྒོར་མོ་བསྐྱིས་པའི་སྐྱེད་ཀ་དེ་སྔོན་ལ་མ་རྩ་ནས་འཐེན་མི་ཆོག་སྟེ། མ་རྩ་ནས་སྔོན་ལ་སྐྱེད་ཀ་འཐེན་ན། དངོས་སུ་བསྐྱིས་པའི་དངུལ་གྲངས་ལྟར་དངུལ་བུན་འཇལ་དགོས་པར་མ་ཟད་སྐྱེད་ཀའང་སླར་ཡང་རྩིས་རྒྱག་དགོས།
       དོན་ཚན680པར་གཏན་འབེབས་བྱས་དོན། སྐྱེད་ཀ་མཐོ་བའི་སྒོར་མོ་བསྐྱི་བ་གཏན་འགོག་བྱེད་རྒྱུ་དང་། སྒོར་མོ་བསྐྱིས་པའི་སྐྱེད་ཀའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག སྒོར་མོ་བསྐྱིས་པའི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུའི་སྐོར་ལ་ཁ་ཆད་བཞག་མེད་ན་སྐྱེད་ཀ་མེད་པར་བརྩི་རྒྱུ།
       སྒོར་མོ་བསྐྱི་བའི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུའི་ཁ་ཆད་གསལ་བོ་བཞག་མེད་པ་དང་། དོ་བདག་གིས་ཁ་གསབ་གྲོས་མོལ་འཇོག་མི་ཐུབ་པའི་རིགས་ལ། ས་གནས་དེ་གའམ་ཡང་ན་དོ་བདག་གི་ཉོ་ཚོང་རྣམ་པ་དང་གོམས་གཤིས། ཚོང་རའི་སྐྱེད་ཀའི་ཚད་གཞི་སོགས་ལ་གཞིགས་ནས་སྐྱེད་ཀ་གཏན་འཁེལ་བྱེད་རྒྱུ་དང་སྤྱི་དམངས་བར་གྱི་བསྐྱིས་སྒོར་ཡིན་ན་སྐྱེད་ཀ་མེད་པར་བརྩི་རྒྱུ།
       གན་རྒྱའི་དྲང་གཞག་གི་རྩ་དོན་མངོན་འགྱུར་དང་། སྒོར་མོ་བསྐྱི་མཁན་གྱིས་ཁེ་བཟང་ལེན་པའི་མཐུན་རྐྱེན་དང་བསྟུན་ནས་འདྲ་མཉམ་མིན་པའི་གན་རྒྱའི་ནང་དོན་གཏན་འཁེལ་བྱེད་པ་སྔོན་འགོག་བྱེད་རྒྱུ་བཅས་ཀྱི་ཆེད་དུ། བཅའ་ཁྲིམས་ནང་སྒོར་མོ་བསྐྱི་སྐབས་སྔོན་ལ་སྐྱེད་ཀ་མ་རྩ་ནས་འཐེན་མི་ཆོག་ཅེས་གཏན་འབེབས་གསལ་པོ་བྱས་ཡོད། གལ་ཏེ་སྒོར་མོ་བསྐྱི་མཁན་གྱིས་ཁྲིམས་གྱི་གཏན་འབེབས་དང་འགལ་ནས། སྒོར་མོ་བསྐྱི་སྐབས་སྐྱེད་ཀ་དེ་མ་རྩ་ལས་འཐེན་ན། སྒོར་མོ་བསྐྱི་ཡུལ་གྱིས་དངོས་སུ་བསྐྱིས་པའི་སྒོར་མོའི་གྲངས་ཀ་དང་དེའི་སྐྱེད་ཀ་རྩིས་བརྒྱབ་ནས་ཕྱིར་སྟེར་དགོས།
       སྒོར་མོ་བསྐྱི་བའི་གྲངས་འབོར་དང་སྐྱེད་ཀ་ནི་སྒོར་མོ་བསྐྱི་བའི་གན་རྒྱའི་ནང་དོན་གཙོ་བོ་ཡིན། སྒོར་མོ་བསྐྱི་བའི་གན་རྒྱའི་ནང་དུ་སྐྱེད་ཀ་སྤྲོད་རྒྱུའི་ཁ་དན་བཞག་མེད་ན་སྐྱེད་ཀ་མེད་པར་བརྩི་བ་དང་ཁ་ཆད་བཞག་པ་གསལ་པོ་མིན་ན་དོ་བདག་གིས་ཁ་གསབ་གྲོས་མཐུན་བཞག་ཆོག་ལ། ཁ་གསབ་གྲོས་མཐུན་འཇོག་མ་ཐུབ་ན། ས་གནས་དེ་གའམ་དོ་བདག་གི་ཉོ་ཚོང་བྱེད་སྟངས་དང་གོམས་གཤིས། ཚོང་རའི་སྐྱེད་ཀའི་ཚད་གཞི་སོགས་ལ་གཞིགས་ནས་སྐྱེད་ཀ་གཏན་འཁེལ་བྱེད་རྒྱུ། སྤྱི་དམངས་བར་ལ་སྒོར་མོ་བསྐྱིས་ནས་སྐྱེད་ཀ་སྤྲོད་རྒྱུའི་སྐོར་ཁ་ཆད་གསལ་པོ་བཞག་མེད་ན་སྐྱེད་ཀ་མེད་པར་བརྩི་ངེས། དེ་མིན་བཅའ་ཁྲིམས་ཀྱིས་སྐྱེད་ཀ་མཐོ་བའི་སྒོར་མོ་བསྐྱི་བ་གཏན་འགོག་དང་། སྒོར་མོ་བསྐྱི་བའི་སྐྱེད་ཀའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག་གོ །
འབྲེལ་ཡོད་འོས་སྦྱོར།