logo

བོད་ལྗོངས་སུ་མཐོང་དཀོན་པའི་ཉ་འབྲུག་འགྱུར་རྡོ་ཆེན་པོ་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-05-19 ཀློག་གྲངས།:
       གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རིས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། ཞིབ་འཇུག་ཁང་དེའི་རྟོག་ཞིབ་དང་ཚན་ཞིབ་མི་སྣས་ཟླ་བ་ཁ་རས་རིང་དཀའ་སྤྱད་འབད་བརྩོན་གྱིས་ཕྱི་རོལ་དུ་རྟོག་ཞིབ་བྱས་པ་བརྒྱུད། བོད་ལྗོངས་དིང་རི་རྫོང་དང་གཉའ་ལམ་རྫོང་ནས་གསུམ་བརྩེགས་དུས་རབས་ཀྱི་ཧི་མ་ལ་ཡའི་ཉ་འབྲུག་འགྱུར་རྡོ་ཁག་ཅིག་གསར་རྙེད་བྱུང་ཡོད། དེ་ནི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་ཞིབ་ཀྱི་གནའ་བོའི་སྐྱེ་དངོས་ཀྱི་གསར་རྙེད་གལ་ཆེན་ཐེངས་གཉིས་པ་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས60པར་རང་རྒྱལ་ཚན་རིག་པས་ཉ་འབྲུག་འགྱུར་རྡོ་གསར་རྙེད་བྱུང་བའི་རྗེས་སུ། འགྱུར་རྡོ་འདི་རིགས་སླར་ཡང་གསར་རྙེད་བྱུང་བ་ཞིག་ཡིན།
       ཉ་འབྲུག་ནི་བར་ཐོན་དུས་རབས་ཀྱི་རྒྱ་མཚོའི་ནང་འཚོ་གནས་བྱེད་པའི་རྩ་མེད་དུ་གྱུར་ཟིན་པའི་ཆུ་སྐྱེས་གོག་བགྲོད་སྲོག་ཆགས་རིགས་ཤིག་ཡིན། དེ་དག་གི་བྱུང་བ་ཁུང་འབྲུག་ལས་ཀྱང་ལོ་ས་ཡ་མང་པོས་སྔ་བ(ཁུང་འབྲུག་འཚོ་གནས་དུས་ཚད་ནི་གསུམ་བརྩེགས་དུས་རབས་ཕྱི་མ་ནས་དཀར་རག་དུས་རབས་ཀྱི་དུས་མཇུག་བར་དང་། ཉ་འབྲུག་ནི་གསུམ་བརྩེགས་དུས་རབས་སྔ་མ་ནས་དཀར་རག་དུས་རབས་ཕྱི་མའི་དུས་འགོའི་བར་ཡིན།)མ་ཟད་ད་ལྟའི་ལོ་ངོ་དུང་ཕྱུར2གོང་རོལ་གྱི་རྒྱ་མཚོའི་ནང་དུ་རིང་ཚད་སྨི་བཅུ་ལྷག་ཟིན་པའི་གཟུགས་པོ་ཆེན་པོ་རིམ་འགྱུར་བྱུང་བ་དང་། ཚེ་སྲོག་རིམ་འགྱུར་ལོ་རྒྱུས་སྟེང་བྱུང་སྔ་ཤོས་ཀྱི་གཟུགས་དབྱིབས་ཆེན་པོའི་སྒལ་རུས་སྲོག་ཆགས་ཡིན་ལ། མིང་དོན་མཚུངས་པའི་བར་ཐོན་དུས་རབས་ཀྱི་རྒྱ་མཚོའི་བཙན་བདག་ཡིན། གསུམ་བརྩེགས་དུས་རབས་ཀྱི་རྒྱ་མཚོའི་སྲོག་ཆགས་སྟོབས་ཆེན་འདི་དག་གི་འཇིག་རྟེན་དུ་ལུས་པའི་འགྱུར་རྡོའི་ཟིན་ཐོ་མང་པོ་མེད་པ་དང་། ལྷག་པར་དུ་གསུམ་བརྩེགས་དུས་རབས་ཕྱི་མའི་དུས་དཀྱིལ་དང་དུས་མཇུག་སྐབས་ཀྱི་ཉ་འབྲུག་གི་འགྱུར་རྡོ་འཛམ་གླིང་ས་ཁུལ་ཉུང་ཤས་ལས་མ་གཏོགས་གསར་རྙེད་བྱུང་མེད། དེ་དག་སོ་སོ་ནི་ཨ་མེ་རི་ཁ་བྱང་མའི་ནུབ་མཐའ་དང་ཡོ་རོབ་ཀྱི་ཨར་པེ་སི་རི་བོའི་ས་ཁུལ། ཀྲུང་གོའི་ཧི་མ་ལ་ཡའི་ས་ཁུལ་བཅས་ཡིན། གནའ་བོའི་སྐྱེ་དངོས་རིག་པ་བས་དེ་དག་ལ་རྒྱུས་ལོན་བྱེད་ཚད་སྔར་བཞིན་ཧ་ཅང་ཚད་བཀག་ཅན་ཞིག་ཡིན།
       རང་རྒྱལ་གྱི་རི་བོ་ཇོ་མོ་གླང་མའི་ས་ཁུལ་གྱི་ཉ་འབྲུག་འགྱུར་རྡོ་གཙོ་བོ་གསུམ་བརྩེགས་དུས་རབས་ཕྱི་མའི་ཆུས་ལུང་གུང་པ་ཚོགས་པའི་མཚོ་མཐིལ་ས་རིམ་ཁྲོད་ཁྱབ་ཡོད་ལ། ད་ལོའི་སྤྱི་ཟླ4པར་མུ་མཐུད་དུ་སྤེལ་བའི་རྟོག་ཞིབ་ཁྲོད་དུ། དིང་རི་རྫོང་གི་སྒང་དཀར་ཕུད་ཚན་ཞིབ་ཚོགས་པས་གཉའ་ལམ་དུ་ལུང་། རྒྱལ་ལམ318ཀྱི་ལམ་བཅོས་ས་ཚིགས62པ་སོགས་ས་གནས་མང་པོའི་ཆུས་ལུང་གུང་པ་ཚོགས་པའི་ས་རིམ་ཁྲོད་ཚང་མ་ནས་ཉ་འབྲུག་གི་འགྱུར་རྡོ་རྙེད་ཡོད། ཅུང་ཆེན་པོ་ཡོད་པའི་དར་མའི་ཉ་འབྲུག་འགྱུར་རྡོའི་རུས་ཀྲང་ཕུད། རྟོག་ཞིབ་ཚོགས་པས་ཅུང་ཆུང་ཞིང་ཕྲ་བའི་རྩིབ་རུས་ཀྱང་རྙེད་ཡོད། རིགས་འདེད་བྱས་པར་གཞིགས་ན་ཧི་མ་ལ་ཡའི་ཉ་འབྲུག་བྱིས་གདོས་ཀྱི་འགྱུར་རྡོའི་རུས་ཀྲང་ངམ་ཡང་ན་གཟུགས་ཆུང་བི་ཉ་འབྲུག་རིགས་ཚོགས་གསར་པ་ཡིན་སྲིད། གཞན་རྟོག་ཞིབ་ཚོགས་པས་ད་དུང་ཉ་འབྲུག་འགྱུར་རྡོ་དང་སྡེབ་སྐྱེས་ཀྱི་སྦྲུལ་རྡོ་དང་ཤུན་གཉིས་སོགས་ཀྱི་འགྱུར་རྡོ་རྙེད་ཡོད། དེས་གསུམ་བརྩེགས་དུས་རབས་ཀྱི་ཐ་ཐི་སི་གནའ་བོའི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ལ་རྒྱུས་ལོན་བྱེད་པར་ཆ་འཕྲིན་དེ་བས་མང་པོ་མཁོ་འདོན་བྱས་ཡོད། འགྱུར་རྡོ་ཆེན་པོ་འཚོལ་ཞིབ་བྱེད་པ་ཕུད། ཚན་ཞིབ་མི་སྣས་ད་དུང་བཅད་ངོས་སྟེང་དུ་བྲག་རྡོའི་དངོས་དཔེ་བརྒྱུད་རིམ་ལྡན་པའི་ངང་འཚོལ་བསྡུ་བྱས་ཤིང་། དིམ་བསགས་རིག་པ་དང་སའི་གོ་ལའི་རྫས་འགྱུར་དབྱེ་ཞིབ་བྱས་ནས། ཐ་ཐི་སི་ཧི་མ་ལ་ཡའི་གནའ་བོའི་རྒྱ་མཚོའི་ཁོར་ཡུག་གི་ཆ་འཕྲིན་དེ་བས་མང་པོ་རྒྱུས་ལོན་བྱེད་པའི་རེ་བ་བྱེད་ཀྱི་ཡོད།
འབྲེལ་ཡོད་འོས་སྦྱོར།