བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ལ་གསོན་ཤུཊ་གསར་པ་སྣོན་མཁན་ཞིག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-05-24
ཀློག་གྲངས།:
ས་ཁམས་དང་རིག་གནས་སོགས་ཀྱི་ཧེ་བག་དབང་གིས་ས་གནས་སོ་སོའི་བོད་ཆས་ལ་རྒྱུ་ཆ་དང་བཟོ་རྩལ་ཐད་ཁྱད་པར་ཆེ་ཙམ་ཡོད། མངའ་རིས་ས་ཁུལ་གྱི་སྲོལ་རྒྱུན་རྒྱན་གོས་ལ་རིགས་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་སོ་སོར་དམིགས་བསལ་ཁྱད་ཆོས་ལྡན་ཞིང་བཀྲག་མདངས་འཚེར་ས་རེ་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཆས་ཀྱི་རྒྱུ་སྤུས་དང་བཟོ་ལྟར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྲོལ་རྒྱུན་གྱི་རྒྱན་གོས་དེ་དག་སྣ་མང་ཅན་གྱི་ཁྲོམ་ར་དང་དེང་རབས་མིའི་མཛེས་དཔྱོད་ཀྱི་དགོས་མཁོ་དང་འཚམ་པ་བྱ་ཆེད། གཞོན་སྐྱེས་མང་དག་ཅིག་སྲོལ་རྒྱུན་གྱི་རྒྱན་གསོ་རིག་གནས་གསར་གཏོད་དང་འཕེལ་རྒྱས་ཀྱི་ལས་དོན་ནང་འཇུག་བཞིན་ཡོད་པ་དང་། ཁོང་ཚོས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་དར་སྲོལ་ཆེ་བའི་དེང་རབས་ཀྱི་གཞི་རྒྱུ་སྲོལ་རྒྱུན་རྒྱན་གོས་ཀྱི་ཁྲོད་དུ་མཉམ་འདྲེས་བྱས་སྟབས། བོད་ཆས་ལ་དགའ་བསུ་ཐོབ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།

མངའ་རིས་ས་ཁུལ་ནས་ཡིན་པའི་གཞོན་སྐྱེས་མིག་དམར་ནི་རྒོད་པོའི་བརྩེ་སེམས་རིག་གནས་འཕེལ་རྒྱས་གསར་སྤེལ་ཚད་ཡོད་ཀུང་སི་འཛུགས་མཁན་ཡིན་ལ། ས་གནས་དེ་གར་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་དཔེ་མཚོན་གསར་པ་གཏོད་མཁན་ཞིག་ཀྱང་ཡིན། ཕར་བལྟས་ཚེ་སྤྱིར་བཏང་གི་གླང་རྩིའི་སྟོད་ཐུང་ཅ་ཁེ་ཞིག་ཡིན་ཀྱང་། དེའི་ཞིབ་ཆར་བོད་བཟོའི་སྲོལ་རྒྱུན་རྒྱན་གོས་ཀྱི་རྒྱུ་ཆའི་མཛེས་རྒྱན་སྤྲས་ཡོད་པས་དར་སྲོལ་ཆེ་ཞིང་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད།
སྟོད་གོས་དེ་ཇུས་འགོད་བྱས་པའི་ཐོག་མའི་ཀུན་སློང་སྐོར་གླེང་སྐབས། མིག་དམར་གྱིས། སྲོལ་རྒྱུན་གྱི་བོད་ཆས་གྱོན་སྐབས་དེ་འདྲ་སྟབས་བདེ་མེད་པས། སྐབས་འགར་གྱོན་བསམས་ཀྱང་ཅ་སུན་ནས་གྱོན་གྱི་མེད། དེར་བརྟེན་ངས་སྲོལ་རྒྱུན་བོད་ཆས་ཀྱི་རྒྱུ་ཆ་དང་གླང་རྩིའི་སྟོད་གོས་ཅ་ཁེ་གཉིས་མཉམ་འདྲེས་བྱས་ནས་སྟབས་བདེ་བའི་སྟོད་གོས་ཅ་ཁེ་དེ་དར་སྲོལ་ཆེ་བའི་གྱོན་ཆས་ཞིག་ཏུ་གྱུར་བ་བྱས་ཡོད། དེས་ད་དུང་མི་དེ་བས་མང་བས་སྲོལ་རྒྱུན་རྒྱན་གོས་ཀྱི་ཡིད་དབང་འཕྲོག་ཤུགས་ཐད་ཀར་མྱོང་ཚོར་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
གྱོན་གོས་ཙམ་མ་ཡིན་པར། མིག་དམར་གྱིས་ད་དུང་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་འབྲོག་པས་རྒྱུན་དུ་གྱོན་པའི་ཕྱིང་ཞྭར་བཟོ་བཅོས་བརྒྱབ་ནས་དེང་རབས་དར་སྲོལ་ཆེ་བའི་གཞི་རྒྱུ་འདྲེས་ཏེ་དར་སྲོལ་དེ་བས་ཆེ་བ་དང་མི་རྣམས་ཀྱིས་གྱོན་རྒྱུར་དེ་བས་དགའ་བའི་ཞྭ་མོ་ཞིག་བཟོས་ཡོད། མིག་དམར་གྱིས། དེ་ལྟར་བྱས་ཚེ་ན་གཞོན་དེ་བས་མང་བས་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་ཤེས་རྟོགས་ཐུབ་རྒྱུ་དང་རྒྱན་གོས་དེ་རིགས་གྱོན་མཁན་ཡང་ཇེ་མང་དུ་འགྲོ་ངེས་རེད་ཅེས་བཤད།

མིག་དམར་གྱི་ཀུང་སིའི་ནང་དུ་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད་པའི་རིག་གནས་གསར་གཏོད་ཐོན་རྫས་གང་སར་མཐོང་རྒྱུ་ཡོད་དེ། གུ་གེའི་ལྡེབས་རིས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་རི་མོ་ཡོད་པ་དང་། རུ་ཐོག་རི་གསུམ་གྱི་བྲག་རྡོའི་རི་མོའི་གཞི་རྒྱུ་ལས་གྲུབ་པའི་ཅོག་སྒྲོན་ཡོད་ལ། མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱི་སྲོལ་རྒྱུན་རྒྱན་གོས་གཡོགས་པའི་འདྲ་བརྙན་རྩེད་ཆས་ཡོད་པ་སོགས་ཐོན་རྫས་དེ་དག་ཚང་མ་ནི་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད། ཁོང་གིས། ངས་ན་གཞོན་ཚོས་དགའ་པོ་བྱེད་པའི་གཞི་རྒྱུ་ཁག་གཅིག་ང་རང་གི་ཇུས་འགོད་ནང་བཅུག་ཡོད། མངའ་རིས་ཀྱི་གཞོན་སྐྱེས་ཤིག་ཡིན་པའི་ངོས་ནས། ས་གནས་འདི་གའི་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་ངས་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་ལ། ངས་ཐོག་མཐའ་བར་གསུམ་དུ་སྒྲུབ་བཞིན་པ་དེ་ཡང་ཡིན་ཞེས་བཤད་ཡོད།
2017ལོར། མིག་དམར་གྱིས་ལས་གཏོད་བྱེད་འགོ་ཚུགས་ཤིང་། དང་ཐོག་སྲོལ་རྒྱུན་གྱི་རི་མོ་དང་དེང་རབས་ཀྱི་མཛེས་བཟོའི་ཁྱད་ཆོས་ཟུང་དུ་འབྲེལ་བའི་ཨར་ཁང་ཞིག་བཙུགས་པ་དང་། དེ་རྗེས་འགྲེམས་སྟོན་དང་བཟའ་བཏུང་རིག་གནས་གཞི་གཅིག་ཅན་འདུས་པའི་མངའ་རིས་ཀྱི་རིག་གནས་བརྗོད་གཙོའི་ཟ་ཁང་ཞིག་བཙུགས་ཤིང་། ད་ཆ་ཁོང་གིས་བོད་ཀྱི་རྒོད་པོའི་བརྩེ་སེམས་རིག་གནས་འཕེལ་རྒྱས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཡོད། མིག་དམར་གྱིས་རང་ཉིད་ཀྱི་ཐབས་ལམ་ལ་བརྟེན་ནས་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་དང་དེ་བཞིན་རྒྱན་གོས་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།
འབྲེལ་ཡོད་འོས་སྦྱོར།