logo

ནོར་བུ་གླིང་ཁའི་རྩ་ཆེའི་དཔེ་སྙིང་ཡིག་ཆ་ལོ་མ་ཁྲི29ལྷག་ཙམ་ཡོངས་བཤེར་དང་ཡིག་ཚགས་བཟོ་བའི་ལས་དོན་ལེགས་སྒྲུབ་ཟིན་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-06-14 ཀློག་གྲངས།:
       ལྷ་ས་གྲོང་ཁྱེར་གྱི་ནོར་བུ་གླིང་ཁའི་རིག་དངོས་མཛོད་ཁང་དུ་དཔེ་སྒྲོམ་ཐོག་ཏ་ལའི་ལོ་མའི་དཔེ་རྙིང་མང་པོ་ཉར་ཚགས་བྱས་ཡོད་པ་དང་། པོ་ཏི་མ་ལུས་གླེགས་ཤིང་བསྒྲོན་ནས་རས་ཀྱིས་ཁ་བཏུམས་ཡོད།
       ནོར་བུ་གླིང་ཁ་ནི་བོད་ལྗོངས་ཀྱི་གནའ་བོའི་བཟོ་སྐྲུན་གྱི་བཀོད་པ་མཛེས་པའི་སྐྱེད་ཚལ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་ཅན་ངོས་ནས། དེའི་ནང་ལོ་རྒྱུས་དང་། སྐད་བརྡ་རིག་པ། གསོ་རིག་སོགས་དང་འབྲེལ་བའི་རྩ་ཆེའི་དཔེ་རྙིང་རིགས་སྣ་ཚོགས་ཉར་ཚགས་བྱས་ཡོད།
ཤིང་ཏ་ལའི་ལོ་མའི་ལཉྩའི་ཆོས་དཔེ།
       ནོར་བུ་གླིང་ཁ་དོ་དམ་ཁྲུའི་དཔེ་རྙིང་ཡོངས་བཤེར་ཚོགས་པའི་ཁོངས་མི་འཇིགས་མེད་ཚུལ་ཁྲིམས་ཀྱིས་ལས་རོགས་ཚོ་དང་མཉམ་དུ་ལག་བྲིས་དང་གློག་ཀླད་ཐོག་ནས་དཔེ་རྙིང་ཡོངས་བཤེར་ཐོ་འགོད་བྱེད་བཞིན་ཡོད། ཁོང་རྣམ་པས་དཔེ་རྙིང་གི་ནང་དོན་དང་། རྒྱུ་ཆ། ལོ་རབས་བཅས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་པ་ཕུད། ད་དུང་དཔེ་རྙིང་གི་ལྗིད་ཚད་དང་ཆེ་ཆུང་། སྐྱོན་ཤོར་བའི་གནས་ཚུལ་དང་ཉམས་གསོའི་གྲོས་འགོ་སོགས་ཀྱང་ཐོ་འགོད་ཞིབ་ཚགས་བྱེད་དགོས་ཀྱི་ཡོད། ཆ་འཕྲིན་དེ་ཚོ་དང་གློག་ཀླད་ནང་ཉར་ཚགས་བྱས་པའི་མིག་མཐོང་རུང་བའི་གྲངས་གཞི་མཉམ་དུ་དཔེ་རྙིང་གི་ཐོབ་ཐང་དཔང་རྟགས་གྲུབ་ཀྱི་ཡོད།
       འཇིགས་མེད་ཚུལ་ཁྲིམས་ཀྱིས“ད་ལྟ་ཐོ་འགོད་བྱེད་བཞིན་པའི་ཏ་ལའི་ལོ་མའི་དཔེ་ཆ་ནི་ལོ་བཅུ་ལྷག་ཙམ་གོང་བོད་རང་སྐྱོང་ལྗོངས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་ལས་དོན་ཚོགས་ཆུང་གིས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་འཚོལ་བསྡུ་གནང་བ་དང་ཉམས་གསོ་གནང་བ་ལས་བྱུང་བ་ཞིག་རེད། ལོ་འདི་དག་ནང་ཚང་མས་དཔེ་རྙིང་དེ་དག་གི་སྲུང་སྐྱོང་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་གནང་། ཏ་ལའི་ལོ་མའི་དཔེ་ཆ་ནི་ཤིང་ཏ་ལའི་ལོ་མའི་ཐོག་བྲིས་པའི་ཆོས་དཔེ་ཡིན་ཞིང་། གནའ་བོའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་འགངས་ཆེན་དེ་རེད། གནམ་གཤིས་སྐམ་ཤས་ཆེ་ལ་དམིགས་བསལ་གྱི་སྲུང་སྐྱོང་བྱ་ཐབས་ལྡན་པས་བོད་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་འཐུས་ཚང་གི་ཚད་གཞི་མཐོ་བ་དང་ད་བར་ཏ་ལའི་ལོ་མའི་ལཉྩའི་དཔེ་ཆ་པུ་ཏི་ཁྱོན1000ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་ལོ་མ་ཁྲི6ཙམ་ཟིན་ཏེ་ད་ཡོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆའི་བསྡོམས་འབོར་གྱི་བརྒྱ་ཆ60ནས80བར་ཟིན་གྱི་ཡོད།
ནོར་བུ་གླིང་ཁ་དོ་དམ་ཁྲུའི་དཔེ་རྙིང་ཡོངས་བཤེར་ཚོགས་པའི་ཁོངས་མི་འཇིགས་མེད་ཚུལ་ཁྲིམས།
       2013ལོ་ནས་ད་བར་བོད་ལྗོངས་ཀྱིས་རིག་དངོས་ཚན་རྩལ་སྲུང་སྐྱོང་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། ནོར་བུ་གླིང་ཁ་སོགས་ཆ་རྐྱེན་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་རིག་གནས་དངོས་མང་སྟོན་ཚོགས་ཚན་པར་སྔོན་ཐོན་གྱི་ཉར་ཚགས་དང་ཁོར་ཡུག་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་བཟོས་ནས་རིག་དངོས་དང་དཔེ་རྙིང་སྲུང་སྐྱོང་གང་ལེགས་བྱས་ཡོད།
       ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡི་རིག་དངོས་ཚན་པའི་འགོ་འཛིན་གཞོན་པ་སྤེན་སྒྲོན་གྱིས“ང་ཚོས་ད་ལྟ་བཟོ་སྒྲིག་བྱས་པའི་ཉར་ཚགས་སྒྲོམ་གཞིའི་ནང་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་བྱེད་ཀྱི་ཡོད། འོན་ཀྱང་སྲོལ་རྒྱུན་བཞིན་གླེགས་ཤིང་བསྒྲོན་ནས་དཔེ་སྙིང་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡོད།”ཅེས་དང་། ཁོང་གིས“མེས་པོའི་བློ་གྲོས་ལས་འཁྲུངས་པའི་རིག་དངོས་ཉར་ཚགས་བྱེད་ཐབས་འདི་དེང་རབས་ཤེས་དཔལ་གྱི་སྤྱི་ཚོགས་སུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ཞིག་རེད་”ཅེས་གསུངས།
       2018ལོའི་ཟླ9པར། ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་ནོར་བུ་གླིང་ཁའི་དཔེ་རྙིང་ཡིག་ཆ་ཡོངས་བཤེར་ལས་དོན་སྤེལ་བ་རེད། གྲངས་གཞི་ལས་མངོན་པར། མིག་སྔའི་བར་ཡོངས་བཤེར་ཚོགས་ཆུང་གིས་ནོར་བུ་གླིང་ཁའི་དཔེ་རྙིང་ཉར་ཚགས་བྱ་ཡུལ་5ཡི་པུ་ཏི1800ལྷག་ཙམ་དང་ལོ་མ་ཁྲི29ལྷག་ཙམ་ཟིན་པའི་རྩ་ཆེའི་དཔེ་རྙིང་ཡིག་ཆ་ཡོངས་བཤེར་དང་ཡིག་ཚགས་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
ཆེད་ལས་མཁས་པས་དཔེ་རྙིང་ལ་ཞིབ་འཇུག་གནང་བཞིན་པ།
       ལོ25ལ་སོན་པའི་ལྷ་སའི་གྲོང་མི་བསྟན་འཛིན་བློ་གྲོས་ཀྱིས་ནོར་བུ་གླིང་ཁར་འགྲེམས་སྟོན་བྱས་པའི་དཔེ་རྙིང་ལ་ལྟ་སྐོར་བྱེད་སྐབས། “དཔེ་རྙིང་མང་པོའི་ནང་འཁོད་པའི་ནང་དོན་དང་ང་ཚོའི་སྲོལ་རྒྱུན་རྩོམ་རིག་བརྩམས་ཆོས་དང་དེ་བཞིན་རིག་གནས་གོམས་སྲོལ་བཅས་ཚང་མ་འབྲེལ་བ་དམ་ཟབ་ཡོད་པ་བསམ་ཡུལ་ལས་འདས། དེ་ཚོ་ཚང་མ་འཚོ་བའི་ནང་རྒྱུན་དུ་འབྲེལ་འདྲིས་ཡོད་པ་ཞིག་རེད”ཅེས་བཤད། །
འབྲེལ་ཡོད་འོས་སྦྱོར།