ཀོས་ནན་རྫོང་དུ་ཆུ་འཐེན་ནུས་གསོག་གློག་ཁང་ཆེ་ཤོས་ཤིག་བསྐྲུན་མགོ་ཚུགས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-09
ཀློག་གྲངས།:
ཟླ8པའི་ཚེས6ཉིན། རང་རྒྱལ་ནུབ་རྒྱུད་ས་ཁུལ་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཆེ་ཤོས་དང་མཚོ་སྔོན་གྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་ཆུ་འཐེན་ནུས་གསོག་གློག་ཁང་གི་རྣམ་གྲངས་ཐོག་མ་སྟེ། མཚོ་སྔོན་བ་རིང་གི་ཆུ་འཐེན་ནུས་གསོག་གློག་ཁང་དེ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་བསྐྲུན་མགོ་ཚུགས་པ་རེད། མཚོ་སྔོན་བ་རིང་ཆུ་འཐེན་ནུས་གསོག་གློག་ཁང་གི་རྣམ་གྲངས་ནི་རྒྱལ་ཁབ་ཀྱི«ཆུ་འཐེན་ནུས་གསོག་གི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད(2021ལོ་ནས2035ལོའི་བར)»དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གཙོ་གནད་ལག་བསྟར་རྣམ་གྲངས་གྲས་ཤིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་གློག་དྲ་ཀུང་ཟིས་ཞིང་ཆེན་རིམ་པའི་གློག་དྲ་ཀུང་ཟི་གསར་སྤེལ་འཛུགས་སྐྲུན་བྱས་པ་ཞིག་ཡིན་ལ་རྨ་ཆུའི་སྟོད་རྒྱུད་དུ་འཛུགས་སྐྲུན་སྒྲིག་སྦྱོར་བྱས་པའི་གློག་འདོན་ཚད་ཆེ་ཤོས་དང་འཛུགས་སྐྲུན་གྱི་ཆ་རྐྱེན་ཡག་ཤོས་ཀྱི་རྣམ་གྲངས་ཤིག་ཀྱང་རེད།

གློག་ཁང་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་གནས་པ་དང་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར159.4བཏང་བ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི280ཟིན་པའི་འཕྲུལ་ཆས་རྐྱང་བ8སྒྲིག་སྦྱོར་བྱས་ཡོད་ལ། ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར33.6འཆར་འགོད་བྱས་ཡོད། ལོ་རེའི་ཆུ་འཐེན་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར44.8ཟིན། གློག་ཁང་གི་ལྟེ་བའི་ལས་གྲྭའི་ནང་ཆུ་མཛོད་དང་། ཆུ་འདྲེན་མ་ལག ས་འོག་བཟོ་ཁང་སོགས་ཚུད་ཡོད་པས་སྔོན་དཔག་བྱས་ན2030ལོར་ཁྱོན་ཡོངས་ནས་ལེགས་གྲུབ་བྱེད་འཆར་ཡོད།
མཚོ་སྔོན་བ་རིང་གི་ཆུ་འཐེན་ནུས་གསོག་གློག་ཁང་རྣམ་གྲངས་ཀྱི་ཇུས་འགོད་སྤྱི་ཁྱབ་ལག་རྩལ་པ་ཆེན་མོ་ཀྲུའུ་ཨན་ལུང་གིས་གསར་འགོད་པར་བཤད་རྒྱུར། ལས་གྲྭའི་ཁུལ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་ས་འོག་ཏུ་བྲག་ཕུག་མང་པོ་འདུག ང་ཚོས་ཞིབ་འཇུག་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་ཆེད་དོན་ཞིབ་འཇུག་ཆེན་པོ་གཉིས་སྤེལ་བ་དང་། ལས་གྲྭའི་འཛུགས་སྐྲུན་དང་ཁོར་ཡུག་མཉམ་འདྲེས་རང་བཞིན་འགན་ལེན་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་བརྒྱུད་ཡུལ་དེའི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་ཁྲིད་དང་ས་གནས་ཁོར་ཡུག་ལ་ལྗང་བསྒྱུར་གྱི་ནུས་པ་ཐོན་པར་རམ་འདེགས་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཁང་འདི་འདྲ་ཞིག་འཛུགས་སྐྲུན་བྱས་པ་ལས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། བློས་འགེལ་ཆོག་པའི་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་པ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད། མཚོ་སྔོན་བ་རིང་གི་ཆུ་འཐེན་ནུས་གསོག་གློག་ཁང་སྐྲུན་རྗེས་ནུས་རྒྱུ་གསར་པའི་སྐབས་བསྟུན་རང་བཞིན་དང་འཕར་ཆག་རང་བཞིན་གྱི་ཤུགས་རྐྱེན་ནུས་ལྡན་ངང་སྙོམས་སྒྲིག་ཐུབ་པ་དང་། གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པ་འདོན་སྤྲོད་དང་ཐཱན་ཉུང་དུ་གཏོང་བ། ལྗང་མདོག་མང་དུ་གཏོང་བའི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་འཕེལ་བར་སྐུལ་འདེད་གཏོང་ནུས།
མཚོ་སྔོན་བ་རིང་གི་ཆུ་འཐེན་ནུས་གསོག་གློག་ཁང་བསྐྲུན་རྒྱུ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་ལག་ལེན་གལ་ཆེན་ཞིག་དང་གློག་ཤུགས་མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་འཕེལ་རྒྱས་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས་མཚོ་སྔོན་གྱིས་སྔོན་ལ་ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཚོ་སྔོན་བ་རིང་གི་ཆུ་འཐེན་ནུས་གསོག་གློག་ཁང་རྣམ་གྲངས་གྲབས་འཛུགས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཀྲི་ཆིང་གིས་བཤད།
འབྲེལ་ཡོད་འོས་སྦྱོར།