གནའ་དཔེ་འདི་དག་སྲུང་སྐྱོབ་ཆེད་རྒྱལ་ཁབ་ནས་སྒོར་ཁྲི6845བཏང་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-10-18
ཀློག་གྲངས།:
ཉིན་ཤས་གོང་། གསར་འགོད་པར་བོད་ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་གྲོས་ཚོགས་ཐོག་བྱུང་བར། 2018ལོར་ཕོ་བྲང་པོ་ཏའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་། ལོ4ལྷག་ཙམ་རིང་རྒྱལ་ཁབ་ཀྱིས་སྒོར་ཁྲི6845བཏང་ནས་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད། ད་ཆ་ལག་ལེན་བསྟར་ཟིན་པའི་རྣམ་གྲངས་ལ་དུས་ཐེངས་དང་པོ་དང་གཉིས་པར་དབྱེ་ཡོད་ཅིང་། རྣམ་གྲངས་འདི་གཉིས་ལས་རིག་དངོས་ཉར་ཚགས་ཀྱི་ད་ཡོད་གནས་ཚུལ་བརྟག་དཔྱད་དང་། ཚོད་ལྟའི་རང་བཞིན་གྱི་ཉམས་གསོ། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་སོགས་ཀྱི་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

མིག་སྔའི་བར་དུ། ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་པོ་ཏི466གི་ལོ་མ་ཁྲི2.94ཡི་རིག་དངོས་ཆ་འཕྲིན་ཡོངས་བཤེར་གཏག་འཇུག་དང་འབུ་གནོད་སོགས་འབྱུང་མིན་བརྟག་དཔྱད་ཟིན་པ་དང་། འགྲེམས་སྟོན་ཁང་དུ་ཉར་བའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་པོ་ཏི37ཀྱི་བར་བཅུག་རི་མོ་ལེགས་སྒྲིག་དང་པར་སྒྲིག ལོ་མ7105ཡི་དཔེ་ཆའི་ནང་དོན་ལ་གློག་རྡུལ་འདྲ་བཤུ། པོ་ཏི244ཡི་ལོ་མ15169ཡི་ཕྱག་དཔེའི་ནང་དོན་གྲངས་འཛིན་ཅན་གྱི་གློག་རྡུལ་འདྲ་བཤུ་སོགས་རིག་དངོས་སླར་གསོའི་ལས་དོན་སྒྲུབ་ཚར་ཡོད།
ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་ནི་ཤིང་ཏ་ལའི་ལོ་མའི་སྟེང་བརྐོས་པའི་ཕྱག་དཔེ་ཞིག་ཡིན་ལ། འཛམ་གླིང་གི་གནའ་བོའི་ཚད་ལྡན་ཡིག་ཆའི་ཁྲོད་ཆེས་རྩ་ཆེ་བའི་གདོད་མའི་རྒྱུ་ཆ་ཞིག་ཡིན། རྩ་ཆེན་གྱི་རིག་གནས་ཤུལ་བཞག་ཅིག་ཡིན་པའི་ཆ་ནས། ཤིང་ཏ་ལའི་ལོ་མའི་ཕྱག་དཔེར་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན། 2006ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཤིང་ཏ་ལའི་ལོ་མའི་ཕྱག་དཔེར་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་འགོ་བརྩམས་པ་དང་། ལོ་ངོ6རིང་འཚོལ་ཞིབ་ཡིག་གཏག་དང་། ལེགས་སྒྲིག་དང་དཀར་ཆག་སྒྲིག་པ་བརྒྱུད། 2012ལོར་བོད་ལྗོངས་སུ་ལེགས་སྦྱར་ཡི་གེའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་པོ་ཏི་སྟོང་ལྷག་ཙམ་དང་ལོ་མ་ཁྲི་དྲུག་ལ་ཉེ་བ་ཉར་ཚགས་བྱས་པ་གཏན་འཁེལ་རགས་ཙམ་བྱུང་ཡོད།

ཤིང་ཏ་ལའི་ལོ་མའི་ཕྱག་དཔེར་ཉམས་གསོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཚོགས་གཙོའི་འགན་འཁུར་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཟླ་རེར་ལྟ་ཞིབ་བྱེད་པའི་ལམ་སྲོལ་ལག་བསྟར་བྱེད་པ་དང་ཆབས་ཅིག ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན་སོགས་དང་མཉམ་ལས་གཏིང་ཟབ་བྱས་པ་དང་། ཕྱོགས་མང་པོའི་མཉམ་འགུལ་ལམ་སྲོལ་བཙུགས་ནས། རྣམ་གྲངས་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།
ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་ཚོད་ལྟའི་རང་བཞིན་གྱིས་སླར་གསོ་བྱེད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རྣམ་གྲངས་ཀྱིས་བོད་ལྗོངས་ཀྱི་ལག་རྩལ་མཁན་པོ་དང་། ཐང་ག་དང་ལྡེབས་རིས་རྒྱུན་འཛིན་པ་བཅས་གདན་དྲངས་ནས་ལག་རྩལ་མཛུབ་སྟོན་གནང་དུ་བཅུགཔ་དང་། དེ་སྔོན་གྱི་གནོན་འཚེར་བརྟག་དཔྱད་དང་། དམངས་ཁྲོད་དུ་བསྐྱོད་པ། ཚད་ལྡན་ཡིག་ཆར་བརྟག་དཔྱད་ཞིབ་འཇུག་བྱེད་པའི་མཇུག་འབྲས་བཅས་དང་ཟུང་དུ་འབྲེལ་ནས་རྣམ་གྲངས་ཀྱིས་བོད་སྨན་སྐྱེ་དངོས་དང་བོད་ཁུལ་དུ་རྒྱུན་སྤྱོད་ཀྱི་སྲོལ་རྒྱུན་གླང་སྤྱིན་འབྱར་བྱེད་རྫས་སུ་བྱས་པའི་མ་བཅོས་རྒྱུ་ཆ་ཞིབ་བཟོ་བྱས་པས། ཉམས་གསོའི་བཟོ་རྩལ་ལ་ཡར་ཐོན་བྱུང་ཡོད།

བོད་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཆོས་སྒྲོན་གྱིས། «ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་སོགས་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་ཀྱི་སྤྱི་ཡོངས་འཆར་འགོད་ལག་བསྟར་ཇུས་གཞི(2019—2028)»ལྟར། ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས། ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་སོགས་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་འགན་ལེན་བྱེད་ཀྱི་ཡིན། དུས་ཐེངས་གསུམ་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ་དང་། མཐིལ་རྟོགས་པ་དང་གྲངས་འཛིན་ཡིག་ཚགས་འཛུགས་རྒྱུ་མཉམ་འབྲེལ་བྱེད་པ། ཚན་རྩལ་གྱིས་ནུས་ཤུགས་སྩོལ་བ་དང་ཞིབ་འཇུག་སླར་གསོ་ཕན་ཚུན་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་དང་གྲངས་འཛིན་མཛོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། སྣ་རིགས་ཚང་ཞིང་ལས་ཀར་བྱང་ཆུབ་པ། ལག་རྩལ་བཟང་བ་བཅས་ཀྱི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་ལ་སྲུང་སྐྱོབ་བྱེད་པའི་ཆེད་ལས་རུ་ཁག་ཅིག་བཙུགས་ཏེ། རྣམ་གྲངས་དུས་བཀག་ལྟར་སྤུས་མཐོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་འོས་སྦྱོར།