logo

ད་ལོའི་ཕོ་བྲང་པོ་ཏ་ལའི་སྐུ་དཀར་གསོལ་འགོ་ཚུགས་པ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2023-10-19 ཀློག་གྲངས།:
       ཉེ་ཆར། བོད་ཀྱི་དགོན་སྡེ་ཁག་དང་གྲོང་མིའི་སྡོད་ཁང་སོགས་ལ་དཀར་རག་གསོལ་འགོ་ཚུགས་ཤིང་། ལོ་གཅིག་དུས་གཅིག་ལ་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་དུས་ཚོད་དེ། ཟླ10པའི་ཚེས18ཉིན་ནས་འགོ་ཚུགས་པ་རེད།
       ང་ཚོ་གསར་འགོད་པ་ས་གནས་ས་ཐོག་ཏུ་སླེབས་སྐབས། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཙོ་འགན་འཁུར་བའི་ལས་དོན་པའི་སྣེ་ཁྲིད་འོག རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ལས་དཀར་རག་བསྲེས་པ་དང་། ལ་ལས་དཀར་རག་དབོར་བ། ལ་ལས་དཀར་རག་བྱུག་པ་ལ་སོགས་ད་ལོའི་སྐུ་དཀར་གསོལ་བའི་ལས་དོན་རྣམས་ཚ་ཚ་འུར་འུར་ངང་སྤེལ་བཞིན་མཆིས།
       ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བར་དུས་ཚོད་ག་ཚོད་འགོར་གྱི་ཡོད་མེད་སྐོར་ལ། ཕོ་བྲང་པོ་ཏ་ལའི་ཉམས་གསོ་ཚན་པའི་ཙུའུ་ཀྲང་བློ་བཟང་ཕྱོགས་གླང་གིས། ཕོ་བྲང་དཀར་པོར་དཀར་རག་གསོལ་བར་སྤྱིར་བཏང་བྱས་ན་ཉི་མ8ནས9བར་འགོར་གྱི་ཡོད་རུང་། ན་ནིང་རིམས་འགོག་གྱི་རྐྱེན་པས་ཕོ་བྲང་ལ་སྐུ་དཀར་གསོལ་ཐུབ་མེད། དེས་ན། ད་ལོ་དུས་ཚོད་ཅུང་མང་བ་འགོར་གྱི་རེད། ཕོ་བྲང་དམར་པོ་དང་སེར་པོར་ཆ་བཞག་ན་དུས་ཡུན་ཉིན1ཙམ་ལས་འགོར་གྱི་མེད་ཅེས་གསར་འགོད་པར་བརྗོད་བྱུང་།
       ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལར་གསོལ་བའི་དཀར་རག་རྣམས་ཡངས་པ་ཅན་དང་བཙག་ཁག་གཅིག་མངའ་རིས་ནས་དབོར་གྱི་ཡོད་པ་རེད།
       མཇུག་ཏུ། ཕོ་བྲང་པོ་ཏ་ལའི་ཉམས་གསོ་ཚན་པའི་ཙུའུ་ཀྲང་བློ་བཟང་ཕྱོགས་གླང་གིས། དཀར་རག་ལ་འོ་མ་དང་། བྱེ་མ་ཀ་ར། སྦྲང་རྩི་ལ་སོགས་སྲེ་དོན་ནི་ཟས་ཕུད་ཙམ་ཡིན་པ་ལས། དཀར་རག་གི་སྤུས་ཀ་དག་ཏུ་གཏོང་མི་ཐུབ་པའི་ཁར། ད་དུང་རྒྱུ་ཆ་མང་པོ་བསྲེས་དྲགས་ན་སྦྱར་ཤུགས་ལ་སྐྱོན་ངེས་ཅན་རྒྱག་གི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།



འབྲེལ་ཡོད་འོས་སྦྱོར།