logo

ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་རིག་དངོས35ཉམས་གསོ་བྱེད་འགོ་ཚུགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-01-16 ཀློག་གྲངས།:
       ཚེས12ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གླིང་དེས་ཀན་སུའུ་ཅི་ཧྲི་ཧྲན་གྱི་ས་ཡོམ་རིམ་པ6.2ཀྱི་ཤུགས་རྐྱེན་ཕོག་ཚབས་ཆེ་བའི་ལ་ཅ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་གི་གཏོར་སྐྱོན་ཕོག་པའི་རིག་དངོས35ལ་སྲུང་སྐྱོབ་ཉམས་གསོའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
       ཀན་སུའུ་ལིན་ཞ་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ6.2བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་རིགས་གཅིག་མཁས་ཅན་ཚོགས་པས་འཕྲལ་དུ་གནོད་འཚེ་ཚབས་ཆེན་ཕོག་པའི་ལ་ཅ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་དུ་གཏོར་སྐྱོན་ཕོག་པའི་རིག་དངོས་གྲལ་བཤེར་ལས་དོན་སྤེལ་བར་བསྐྱོད་ཡོད་པ་དང་། བསྡོམས་རྩིས་བརྒྱབ་པ་བརྒྱུད་སྤོ་སྒུལ་བྱེད་ཆོག་པའི་རིག་དངོས་ཁྱོན68ལ་གཏོར་སྐྱོན་ཕོག་ཡོད་པ་རེད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ཉར་ཚགས་དངོས་པོ་དང་འགྲེམས་རྫས་རྣམས་སྒྲོམ་སྟེགས་ནས་ཕྱིར་ལེན་པ་དང་། ཐུམ་རྒྱག་པ། སྤོ་སྒྱུར་བཅས་བྱས་ནས་རིག་དངོས་ལ་གནོད་འཚེ་ཕོག་ཚད་མུ་མཐུད་ཆེ་རུ་འགྲོ་རྒྱུར་བཀག་འགོག་ནུས་ལྡན་བྱས་ཡོད་པ་རེད།
       དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས«ལ་ཅའི་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་གི་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་རིག་དངོས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ཉམས་གསོ་བྱ་རྒྱུའི་ཇུས་གཞི»ལ་ཞིབ་བཤེར་བྱས་པ་དང་འབྲེལ་གནོད་འཚེའི་རྗེས་ཀྱི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ཐད་ལས་ཀའི་བླང་བྱ་ཡང་བཏོན་པ་དང་། ལག་བསྟར་ཚན་པར་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བའི་གནས་ཚུལ་འོག་སྤུས་འབོར་གཉིས་ཀ་འགན་ལེན་གྱི་སྒོ་ནས་སྲུང་སྐྱོབ་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་པ་རེད།
       མིག་སྔར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གིས་རིག་དངོས་བརྙན་པར་དཔྱད་གཞི་འཚོལ་བསྡུ་དང་། རིག་དངོས་ཀྱི་གནོད་འཚེར་བརྟག་དཔྱད། གནོད་ཕོག་དཔེ་རིས་འབྲི་བ་བཅས་བྱེད་བཞིན་ཡོད། རིག་དངོས་རེ་རེའི་གནོད་ཕོག་གནས་ཚུལ་ལ་གཞིགས་པ་དང་། ཉར་ཚགས་བྱས་ཚུལ་ལ་དཔྱད་དཔོག་བྱས་ཐོག རིག་དངོས་སྲུང་སྐྱོབ་ཉམས་གསོའི་ཇུས་གཞིའི་ནང་གི་ལག་རྩལ་ལམ་ཕྱོགས་ལྟར་དམིགས་སའི་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོའི་བྱ་ཐབས་བཟོས་ཏེ། གཏོར་སྐྱོན་ཕོག་པའི་རིག་དངོས་ལ་རྗེས་མཐུད་གཙང་བཤེར་དང་བརྟན་གཏོང་། སྦྱོར་མཐུད་སོགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།