logo

ལོ་སར་སྐབས་ཀྱི་གཡོ་ཁྲིམས་འདི་དག་ལ་མཉམ་ཞོག།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། དུས་ཚོད།:2024-02-04 ཀློག་གྲངས།:
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
       ལོ་སར་ཐོན་ལ་ཉེ་བའི་སྐབས་འདི་ནི་ཡུལ་གྱར་བ་རྣམས་ཕ་ཡུལ་དུ་ལོག་པ་དང་། ལོ་ཚོང་རྒྱག་པ། སྒོར་མོ་སྤྱོད་སྒོ་ཆེས་མང་པོའི་དུས་ཡིན་ལ། དམིགས་ཡུལ་མི་དྲང་བའི་ཁྲིམས་འགལ་མི་སྣར་རྐུ་འཕྲོག་བཅོམ་གསུམ་དང་མགོ་གཡོག་མགོ་སྐོར་གྱི་གོ་སྐབས་ཞིག་ཀྱང་བསྐྲུན་ཡོད་པས། དཔལ་འབྱོར་གྱི་ཉེན་ཁ་འབྱུང་སླ་བའི་དུས་སྐབས་སུའང་སླེབས་ཡོད། དེར་བརྟེན། རྒྱ་ཆེའི་མང་ཚོགས་དང་ཚོང་བ་རྣམས་ལ་དམིགས་བསལ་གྱིས་དྲན་སྐུལ་བྱས་པ་གཤམ་ལྟར།
གཅིག ཁྲིམས་འགལ་ངང་མ་དངུལ་བསྡུ་བའི་ཉེན་ཁ་སྔོན་འགོག་བྱ་དགོས།
       གལ་ཏེ་མི་གཞན་གྱིས་ཁྱོད་ལ་སྒོར་མོ་མང་པོ་འཚོལ་ཐུབ་པའི་ལས་གཞི་ངོ་སྤྲོད་བྱས་ནས་ཁྱོད་ལ་མ་དངུལ་གཏོང་དུ་འཇུག་ན། ཁྱོད་ཀྱིས་དོགས་ཟོན་ཟབ་མོ་བྱ་དགོས་ཏེ། སྡིག་པ་མེད་པའི་རློན་ཚིལ་ཞིག་འཇིག་རྟེན་གནམ་འོག་ཏུ་མེད་པའི་གནས་ལུགས་ཡིད་ལ་དམ་པོར་འཛིན་དགོས།
གཉིས། བརྒྱུད་འཚོང་བྱ་འགུལ་གྱི་ཉེན་ཁ་སྔོན་འགོག་བྱ་དགོས།
       གལ་ཏེ་མི་ཞིག་གིས་ཁྱོད་རང་ཡོང་འབབ་ཤིན་ཏུ་བཟང་བའི་ཚོང་ལས་ནང་ཞུགས་སུ་འཇུག་ན། སྐབས་དེར་ཁྱོད་ཀྱིས་ངེས་པར་རིག་པ་གསལ་པོ་བྱ་དགོས། ཕྱུག་པོར་འགྱུར་བར་མྱུར་ལམ་མེད། ལུགས་དང་མི་མཐུན་པའི་རྒྱུ་ནོར་སྤེལ་བའི་ཕུགས་འདུན་རིགས་ནི་བརྒྱུད་འཚོང་པས་བཟོས་པའི་གཡོ་ཐབས་ཡིན།
གསུམ། སྒོར་མོ་རྫུན་མའི་ཉེས་གསོག་ཉེན་ཁ་སྔོན་འགོག་བྱེད་དགོས།
       ཚོང་ཟོག་ཉོ་འཚོང་བྱེད་སྐབས། གལ་ཏེ་ལག་སྒོར་སྤྲོད་པ་དང་འཕྲད་ཚེ། རང་ཉིད་ཀྱི་རྣམ་རིག་གསལ་པོ་བྱས་ནས་བདེན་རྫུན་གྱི་དབྱེ་བ་གསལ་པོར་འབྱེད་དགོས། རང་ཉིད་ཀྱིས་དབྱེ་བ་གསལ་པོ་འབྱེད་མ་ཐུབ་ན་མི་གཞན་ལ་རོགས་རམ་བྱེད་དུ་བཅུག་ནས། ཤོག་སྒོར་རྫུན་མའི་རིགས་རང་ལག་ཏུ་འབྱོར་བར་སྔོན་འགོག་བྱ་དགོས།
བཞི། གན་རྒྱའི་མགོ་སྐོར་གྱི་ཉེན་ཁ་སྔོན་འགོག་བྱ་དགོས།
       གན་རྒྱའི་མགོ་སྐོར་གཏོང་སྟངས་ལ་རྣམ་པ་སྣ་ཚོགས་ཡོད་དེ། དངོས་ཟོག་རིན་གོང་ཆད་ལ་འཇོག་པའི་ཕྱིར་འཚོང་དང་། དངོས་ཟོག་རིན་གོང་ཁག་ཅིག་སྔོན་ལ་ཕྱིར་འཚོང་བྱེད་པ། བཟོ་གྲྭ་ངོ་སྤྲོད་བྱས་ནས་གླ་དངུལ་ལེན་པ། བཟོ་གྲྭའི་ཁག་ཐེག་བྱེད་དངུལ་སྔོན་དུ་ལེན་པ་བཅས་གང་ས་གང་དུ་མགོ་སྐོར་གཏོང་མཁན་ཡོད་ཅིང་། སྒོར་མོ་འཚོལ་ན་སྒོར་མོ་གཙང་མ་དང་། ལས་ཀ་འཚོལ་ན་ཡིད་རྟོན་རུང་བའི་ལས་ཀ་བཙལ་ཏེ། དུས་དང་རྣམ་པ་ཀུན་ཏུ་མགོ་སྐོར་ལ་གཟབ་ནན་བྱ་དགོས།
ལྔ། རྫུན་ལྷད་ཞན་གསུམ་གྱི་ཉེན་ཁ་སྔོན་འགོག་བྱ་དགོས།
       དངོས་ཟོང་ཉོ་སྐབས་ཚད་ལྡན་གྱི་ཚོང་ཁང་དང་། ཆེད་གཉེར་ཚོང་ཁང་། ཡན་ལག་ཚོང་ཁང་སོགས་སུ་འགྲོ་དགོས་པ་ལས་ཁེ་བཟང་ཆུང་ཆུང་ལ་ཞེན་ཆགས་གཏན་ནས་བྱེད་མི་རུང་། དངོས་ཟོང་བཟང་པོར་རིན་གོང་སླ་མོ་མེད་པ་དང་། རིན་གོང་སླ་མོ་ཅན་ལ་དངོས་ཟོང་བཟང་པོ་མེད་དེ། ཚོང་ཟོང་རྫུན་མ་དང་སྤུས་ཞན་གྱི་དངོས་ཟོང་ལ་ཁ་ཐག་རིང་པོར་གྱེས་ནས་གཡོ་འོག་ཏུ་མི་ཚུད་པ་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།