མཚོ་སྔོན་པོ་དྲ་བས་ཤིང་ཕོ་འབྲུག་ལོའི་ལོ་གསར་ལ་ཕུལ་བའི་ཤིས་ཚིག
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-02-09
ཀློག་གྲངས།:

བཀྲ་ཤིས་ལྷ་ལམ་ཡངས་པའི་མཁའ་རུ་རྩེན། །
བཀྲ་ཤིས་སྙན་པའི་སྒྲ་བརྒྱ་ཐེངས་གསུམ་སྒྲོགས། །
བཀྲ་ཤིས་འདོད་འཇོའི་ཆར་གྱི་དངོས་གྲུབ་འབེབས། །
བཀྲ་ཤིས་འབྲུག་ལོ་ཚེས་འདི་ཨེ་མ་ཧོ། །
འདས་ཟིན་པའི་ལོ་གཅིག་རིང་། མཚོ་སྔོན་པོ་དྲ་བས་དྲ་རྒྱའི་བདེ་འཇགས་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ཁུལ་གཙོ་བྱས་ཏེ་རྒྱལ་ཕྱི་ནང་གི་གསར་འགྱུར་གཙོ་གྲས་ཁག་དང་། བོད་འབྲེལ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་གཙོ་བྱས་པའི་གསར་འགྱུར་སྣ་ཚོགས། གནའ་དེང་གི་མཁས་པ་མང་པོའི་གསུང་རྩོམ། དྲ་ལམ་ན་རྒྱུག་ཆེ་ཞིང་ཀློག་མཁན་མང་པོས་དགའ་བསུ་ཆེ་ཆེར་གནང་བའི་རྩོམ་ཡིག་སྣ་ཚོགས། དེ་མིན་གཞུང་ཕྱོགས་ཀྱིས་བཀས་བཅད་བྱས་པའི་གསར་བྱུང་བརྡ་ཆད། གསར་པར་དཔེ་དེབ་སྣ་ཚོགས། རིག་གནས་སློབ་གསོའི་སྐོར་གྱི་ཤེས་བྱ། གཞན་ཡང“ཉིན་རེའི་སློབ་སྦྱོང”ཞེས་པའི་ལེ་ཚན་གསར་དུ་བསྣན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་སྣ་ཚོགས་བཀོད་པ་སོགས་ཁྱོན་བསྡོམས་གསར་འགྱུར་ཆིག་སྟོང་ལས་བརྒལ་བ་དུས་ཐོག་ཏུ་དྲ་བར་བཀོད་དེ་རྒྱ་ཆེའི་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་གང་ཐུབ་བྱས།

མ་འོངས་པར་ཡང་ངེད་དྲ་བས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་འགྲོ་ཕྱོགས་དང་ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་མཐའ་འཁྱོངས། དྲ་རྒྱའི་བདེ་འཇགས་ཀྱི་གཡུལ་ས་བརྟན་དུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་ཁྱབ་ཁོངས་ཁག་གི་བརྗོད་བྱ་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་མང་དུ་བྱེད་འཆར་ཡོད་ལ། ནང་དོན་དང་སྒྲིག་འགོད་ཀྱི་ཐད་ནས་ཀྱང་སྔར་ལས་འཐུས་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རང་ནུས་གང་ཡོད་གདོན་འཆར་ཡོད། དེ་བཞིན་དུ་ཁྱེད་རྒྱ་ཆེའི་ཀློག་མཁན་དང་རྩོམ་པ་པོ་མང་པོས་ཀྱང་སྔར་བཞིན་རིན་ཐང་བྲལ་བའི་ལྗགས་རྩོམ་མང་པོ་དུས་ཐོག་ཏུ་བསྐུར་གནང་མཛད་དེ་ཀློག་པ་པོ་མང་པོའི་འདོད་འདུན་ཡིད་བཞིན་དུ་བསྐང་རྒྱུར་དྲ་བའི་རྩོམ་སྒྲིག་པས་དུས་ནམ་ཡང་རེ་ཞིང་སྒུག་ནས་ཡོད་དོ། །
མཐར་གནམ་ལོ་གསར་པའི་ནང་རི་ཁ་བ་གངས་རིའི་ལྗོངས་ཀྱི་རིགས་གཅིག་སྤུན་ཟླ་ཡོངས་ལ་ནད་མེད་ཚེ་རིང་དང་འདོད་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །པར་རིས་དང་པོའི་ཡོང་ཁུངས། གངས་ལྗོངས་ཉི་གཞོན།
འབྲེལ་ཡོད་འོས་སྦྱོར།