ངོ་མཚར་ལྷ་མོའི་སྒྱུ་རྩལ་ལ་མཚར་སྡུག་རྣམ་བཀྲའི་མེ་ཏོག་བཞད།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2024-02-21
ཀློག་གྲངས།:
ལྷ་མོའི་སྒྱུ་རྩལ་ལ་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་ཡོད་པ་དང་། བོད་ལྗོངས་ས་ཕྱོགས་ཁག་ཏུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་རེད། བློ་བཟང་བཀྲ་ཤིས་ལགས་ཀྱིས་སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་ལ་གཞོལ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིནདར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ཡངས་ཤིང་རྒྱ་ཆེ་ལ་མཐའ་བཞི་གངས་རིས་བསྐོར་བའི་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ས་གཤིས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་ནང་འཚོ་བའི་བོད་རིགས་མི་དམངས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་སྲོལ་རྒྱུན་རིག་གནས་རབ་དང་རིམ་པ་བཏོད་པའི་ནང་ལྷ་མོའི་སྒྱུ་རྩལ་ནི་རྣམ་པར་བཀྲ་བའི་མེ་ཏོག་ཞིག་དང་འདྲ་བར་རབ་ཏུ་བཞད་ནས་གངས་ལྗོངས་ས་མཐོའི་ཉམས་སྣང་མངོན་པར་བྱས་ཡོད། སྤྱི་ལོ2009ལོར་ལྷ་མོ་དེ་ཉིད་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཟློས་གར་གྲས་སུ་བདམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་འཁྲབ་གཞུང་གི་མིང་གཞུང་ནང་བཅུག་ཡོད་པ་དང་། བོད་ཀྱི་ལྷ་མོའི་སྔར་སྲོལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་མཐོ་རླབས་ཤིག་ཀྱང་འཕྱུར་ཡོད།
བློ་བཟང་བཀྲ་ཤིས་ལགས་ནི་ལྷ་མོའི་རིག་གནས་སྲོལ་རྒྱུན་ལྡན་པའི་གྲོང་ཚོ་ཞིག་ཏུ་འཚར་ལོངས་བྱུང་ཞིང་། གནའ་རབས་ཞེས་སུ་འབོད་པའི་བོད་ལྗོངས་གོང་དཀར་རྫོང་གི་གྲོང་ཚོ་དེར་ཁོ་རང་གི་ཆུང་དུས་ནས་ལྷ་མོ་སྒྱུ་རྩལ་ལ་བལྟ་བའི་མིག་དང་ཉན་པའི་རྣ་ཡིས་གོམས་པར་བྱས་པས། རང་རྒྱུད་ལ་ལྷོ་མོའི་སྒྱུ་རྩལ་རྩེན་པའི་བློ་ཞིག་འཆར། ལྷག་པར་ཁོང་གི་སྤོ་བོ་ལགས་ནི་ལྷ་མོ་འཁྲབ་མཁན་ཞིག་ཡིན་པ་དང་། ཆུང་བྱིས་པའི་དུས་ནས་གྲོང་ཚོའི་ནང་དུ་ལྷ་མོ་བལྟ་རྒྱུར་དགའ་པོ་ཡོད་པ་རེད། དེ་ལྟར། བློ་བཟང་བཀྲ་ཤིས་ལགས་ཀྱིས་ཀྱང་ལྷ་མོའི་འཁྲབ་གཞུང་རེ་ཟུང་དང་རྣམ་ཐར་དུམ་བུ་རེ་གཉིས་འཁྲབ་སྦྱོང་བྱེད་ཀྱི་ཡོད། ཁོང་ལོ12ལ་སླེབས་པའི་ལོ་དེར། གྲོང་ཚོའི་ནང་དུ་ལྷ་མོའི་འཁྲབ་གཞུང«པད་མ་འོད་འབར»ནང་སྦྱོང་བྱེད་སྐབས། འཁྲབ་སྟོན་པ་མི་འདང་བས། བློ་བཟང་བཀྲ་ཤིས་ལགས་ཀྱིས་ཞལ་འབག་སྔོན་པོ་གྱོན་ཏེ་ལྷ་མོའི་འཁྲབ་སྟོན་པ་ཞིག་བྱེད་འགོ་ཚུགས་ཡོད།

ལྷ་མོའི་སྒྱུ་རྩལ་ནི་སྒྲུང་གཞི་ཆ་ཚང་བ་དང་། རྣམ་ཐར་གྱི་གདངས་ཆ་འཕོ་འགྱུར་མང་བ། གར་སྟབས་ཀྱི་ཉམས་འགྱུར་ལྷོང་ཅིང་འགྱིངས་ཉམས་དང་ལྡན་པ་བཅས་ཡོད་ཅིང་། རྣམ་ཐར་གྱི་གདངས་ཁོ་ནར་དཔལ་འགྱོགས་ཉི་ཤུ་ལྷག་ཙམ་འདུག་པ་རྣམས་ནི་འཁྲབ་གཞུང་གི་འཕེལ་ཚུལ་དང་བསྟུན་ནས་གང་ལ་ཅི་འཚམས་ཀྱི་དལ་མགྱོགས་སྤྱོད་པ་དང་མི་སྣ་འདྲ་མིན་ལ་གཞིགས་ནས་རྣམ་ཐར་གྱི་གདངས་ཀྱང་མི་འདྲ་བ་ཡོད། ལྷ་མོའི་སྒྱུ་རྩལ་གྱི་ཁྱད་འཕགས་ཡོན་ཏན་ལས་བློ་བཟང་བཀྲ་ཤིས་ལགས་ཀྱི་ཡིད་ཀྱི་དབང་པོ་ཅི་གར་འཕྲོག་ཏེ་ལྷ་སར་སྐྱོད་ནས་ལྷ་མོའི་སྒྱུ་རྩལ་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་གོ་སྐབས་ཐོབ་རེ་བྱས།
སྤྱི་ལོ2002ལོར། བློ་བཟང་བཀྲ་ཤིས་ལགས་ཉང་བྲན་ལྷ་མོ་ཚོགས་པར་ཞུགས་པ་དང་། ཚོགས་པ་དེའི་ནང་ཁོང་གིས་ལྷ་མོའི་འཁྲབ་སྟོན་གྱི་སྒྱུ་རྩལ་ཁག་ལ་སློབ་སྦྱོང་ཞུས་པ་མ་ཟད། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྤེལ་རེས་བྱེད་པའི་ནང་རང་ཉིད་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད།སྤྱི་ལོ2005ལོར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ་དང་། ལྷ་མོའི་སྒྱུ་རྩལ་དེར་སྔར་བྱུང་མྱོང་མེད་པའི་སྲུང་སྐྱོང་དང་དར་སྤེལ་བྱུང་ཡོད། བློ་བཟང་བཀྲ་ཤིས་ལགས་ནས་ཀྱང་ལྷ་མོའི་སྒྱུ་རྩལ་དེ་ནི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་དང་། རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
སྤྱི་ལོ2008ལོར། བློ་བཟང་བཀྲ་ཤིས་ལགས་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་དགེ་རྒན་དུ་གདན་དྲངས་པ་དང་། ཁོང་གིས་མ་ལག་ཚང་བའི་སྒོ་ནས་ལྷ་མོའི་འཁྲབ་གཞུང་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཤིང་། མཐོ་སློབ་ཀྱི་ཆེད་ལས་དགེ་སློབ་ཁག་ཅིག་དང་ལྷན་དུ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་ལོ་རྒྱུས་དང་རིག་གནས་སྔོག་འདོན་བྱས་ནས་ཚོགས་པ་དེས་འགྲོ་བ་བཟང་མོ་དང་། པད་མ་འོད་འབར། གཟུགས་ཀྱི་ཉི་མ་བཅས་འཁྲབ་གཞུང་གསུམ་འཁྲབ་སྟོན་ཐུབ་པའི་རྨང་གཞི་ཐོག འབག་སྔོན་པོའི་ལྷ་མོ་ཚོགས་པ་གཙོ་གྲས་ཤིག་ཡིན་པའི་ངོས་ནས་ལྷ་མོ་འཁྲབ་གཞུང་ཆེ་བ་བརྒྱད་པོ་ཚང་མ་འཁྲབ་སྟོན་ཐུབ་པའི་བརྩོན་ལེན་བྱས་ཡོད།

སྤྱིར་འབག་སྔོན་པོའི་ལྷ་མོར་རྟ་རིང་དང་། བར་ཐུང་། རྟ་ཐུང་། སྐྱོ་གླུ་ལ་སོགས་པ་དབྱངས་རྟའི་རིགས་བརྒྱ་ཙམ་ཡོད་པར་གྲགས་ཤིང་། དམིགས་བསལ་གྱི་ཁྱད་ཆོས་དུ་མ་ལྡན་པས་བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་ཁྲོད་སྐྱོར་མོ་ལུང་གིས་གལ་ཆེའི་གནས་བབ་བཟུང་ཡོད། བློ་བཟང་བཀྲ་ཤིས་ལགས་ཀྱིས་ལྷ་མོའི་རིག་གནས་ལ་ངོས་འཛིན་གསལ་པོ་ཡོད་པ་མ་ཟད། རྣམ་ཐར་གཏོང་སྟངས་དང་ལུས་ཀྱི་སྟངས་སྟབས་སོགས་ཕྱོགས་ཁག་ཚང་མར་སློབ་སྦྱོང་བྱེད་པའི་བློ་རྣལ་མ་ཞིག་ཡོད་པས་ཚོགས་པ་དེའི་འགོ་འཁྲིད་ནས་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།
ལྷ་མོའི་སྒྱུ་རྩལ་དང་འགྲོགས་པའི་ལོ་དེ་དག་རིང་། ལྷ་མོ་འཁྲབ་སྦྱོང་བྱ་རྒྱུ་དེའང་རིམ་གྱིས་བློ་བཟང་བཀྲ་ཤིས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གི་ངོས་ནས་བཤད་ན། ལྷ་མོ་འཁྲབ་པ་དེ་ནི་འཚོ་རྟེན་ཁོ་ནའི་ཆེད་དུ་མིན་པར། དེ་ནི་མི་ཚེ་གཅིག་དོན་གཉེར་བྱེད་པའི་བྱ་གཞག་ཅིག་ཀྱང་རེད། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་བློ་གཅིག་སེམས་གཅིག་གིས་ལྷ་མོའི་རྒྱུན་འཛིན་པ་གསོ་སྐྱོང་གནང་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།