logo

ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གསལ་བརྡ།

རྩོམ་པ་པོ།: ཡོང་ཁུངས།:གངས་རྒྱན་ན་ཆུང་ཚགས་པར། དུས་ཚོད།:2024-07-05 ཀློག་གྲངས།:
“གཡང་འབའ་འབའ”རྟགས་ཅན་གྱི་བོད་ཀྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གསལ་བརྡ།

       གཡང་འབའ་འབའ་དྲ་ལམ་ཚན་རྩལ་རིག་གནས་ཐོན་ལས་ཞབས་ཞུ་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་ནི་དྲ་སྦྲེལ་གློག་རྡུལ་ཆ་འཕྲིན་ལ་བརྟེན་ནས་རིག་གནས་སློབ་གསོའི་ཐོན་ལས་ཐད་ཞབས་ཞུ་སྒྲུབ་བཞིན་པའི་སྤྱི་གཉེར་ཁང་ཞིག་ཡིན་ལ། 2018ལོར་སྤྱི་གཉེར་ཁང་བཙུགས་པ་ནས་བཟུང་། སྤུས་ཚད་མཐོ་བའི་ཆ་འཕྲིན་གྱི་སྟེགས་བུ་བརྒྱུད་དེ་བོད་འབྲེལ་ས་ཁུལ་གྱི་སློབ་གསོར་ཞབས་ཞུ་གང་ལེགས་བསྒྲུབས་མྱོང་ཞིང་། སྔོན་འགྲོའི་སློབ་གསོར་དམིགས་ནས་བོད་ཀྱི་བྱིས་པའི་སློབ་ཆས་དང་འཁྲིད་ཆས་སྣ་ཚོགས་ཇུས་འགོད་དང་བཟོ་སྐྲུན་བྱས་དང་བྱེད་མུས་སུ་ཡོད། ད་དུང་སྔོན་ཐོན་གྱི་དྲ་སྦྲེལ་གྲངས་གཞི་ཆེན་པོ་སྤྱད་དེ་གཡང་འབའ་འབའ་དྲ་སྦྲེལ་སློབ་ཁྲིད་སྟེགས་བུ་ཞིག་ཀྱང་ཞིབ་འཇུག་གསར་སྤེལ་བྱས་ཡོད། ད་ལྟའི་ཆ་འདིར་ཡང་མུ་མཐུད་ནས་ལག་རྩལ་མི་སྣ་རྩེ་གྲ་དག་བེད་སྤྱད་དེ། རང་རེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱ་བར་ཁ་གཏད་ནས། བོད་སྐད་ཡིག་རིག་གནས་སློབ་གསོ་ཁྱབ་སྤེལ་ལ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་བཞིན་ཡོད་དོ། །
       ད་ཐེངས་སྤྱི་གཉེར་ཁང་འདིས་མཐུན་རྐྱེན་སྦྱར་འོག ངེད་རྩོམ་སྒྲིག་ཁང་གིས་བོད་ཀྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་འཇོན་ནུས་མཐོར་འདེགས་དང་། ཁོ་ཚོའི་བསླབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། “གཡང་འབའ་འབའ”རྟགས་ཅན་གྱི་བོད་ཀྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་དེ2024ལོའི་ཟླ9པའི་ཚེས1ཉིན་ནས2025ལོའི་ཟླ9པའི་ཚེས10ཉིན་བར་གྱི«གངས་རྒྱན་ན་ཆུང་ཚགས་པར»སྟེང་སྤེལ་རྒྱུར་ཐག་བཅད་པ་ཡིན།
       ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བརྗོད་བྱ་ནི་དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བ་དངོས་གཞིར་བཟུང་ནས། རང་གི་མིག་མཐོང་ལག་ཟིན་དུ་གྱུར་པའི་དོན་དག་ཅི་རིགས་བརྗོད་བྱར་དྲངས་ཏེ། རང་སེམས་ཀྱི་མྱོང་བ་རྣལ་མ་དང་སྦྱར་ནས་བྲིས་ཆོག དཔེར་ན། སློབ་སྦྱོང་དང་འཚོ་བའི་ཁྲོད་ཕྲད་པའི་དཀའ་ཁག་དང་། ནང་སེམས་ཀྱི་ཕུགས་འདུན་དང་བརྩོན་སེམས། སློབ་གྲོགས་ཕན་ཚུན་བར་དང་དགེ་སློབ་བར། ཡང་ན་ཕ་མ་སྤུན་ཟླ་དང་གཉེན་ཉེའི་བར་གྱི་མཛའ་བརྩེ་སོགས་བྲིས་ཆོག་ལ། རྩོམ་གྱི་ཁ་བྱང་རང་ཉིད་ཀྱིས་གཏན་ཁེལ་བྱས་ཆོག

བྱ་དགའི་རྣམ་གྲངས།
       ཨང་དང་པོ་གཅིག བྱ་དགར་གཡང་འབའ་འབའ་རིག་འཕེལ་སློབ་ཆས་ཆ་ཚང་། གཟི་བརྗིད་དཔང་ཡིག
       ཨང་གཉིས་པ་གཉིས། བྱ་དགར་གཡང་འབའ་འབའ་བོད་ལུགས་བྱིས་པའི་སྒྲིག་ཤིང་ཆ་ཚང་རེ། གཟི་བརྗིད་དཔང་ཡིག
       ཨང་གསུམ་པ་ལྔ། བྱ་དགར་གཡང་འབའ་འབའ་བྱིས་པའི་འགྱིག་རིགས་སློབ་ཆས་ཆ་ཚང་རེ། གཟི་བརྗིད་དཔང་ཡིག
རེ་འདུན།
       1.རང་མོས་སྙན་ངག་ལས་གཞན། རང་ཉིད་ལ་བྱང་ཆ་ཡོད་པའི་རྩོམ་སྟངས་གང་རུང་བདམས་ཆོག
       2.ཡིག་འབྲུ་ཆིག་སྟོང་སུམ་བརྒྱ་ལས་བརྒལ་མི་རུང་།
       3.བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་གྱི་རྩོམ་ཡིག་གཏན་ནས་བཤུ་འབྲི་བྱེད་མི་རུང་།
མཉམ་འཇོག་བྱེད་དགོས་ས།
       1.དབུ་ཅན་གྱིས་གྲལ་དག་པོར་བྲིས་ཏེ2024ལོའི་ཟླ8པའི་ཚེས20ཉིན་གྱི་སྔོན་ལ་ངེད་རྩོམ་སྒྲིག་ཁང་གི་ཡིག་ཟམ(gjsnb2009@163.com)འདིའི་ནང་དུ་བསྐུར་བའམ་ཡང་ན་སྦྲག་ཁང་བརྒྱུད་དེ་བསྐུར་བར་འཚལ། གཞན་རྩོམ་སྐུར་དུས་ངེས་པར་དུ“འགྲན་ཞུགས་རྩོམ་ཡིག”ཅེས་ཟུར་མཆན་འགོད་རོགས།
       2.བྱ་དགའ་དང་གཟི་བརྗིད་དཔང་ཡིག རྩོམ་ཡོན་སོགས་བསྐུར་བར་སྟབས་བདེ་ཡོང་ཆེད། འགྲན་ཞུགས་པ་ཡོངས་ཀྱིས་རྩོམ་ཡིག་གི་མཇུག་ཏུ་བོད་རྒྱ་ཡི་གེ་ཟུང་གི་རང་ཉིད་ཀྱི་མིང་དང་ས་གནས། ཐོབ་ཐང་ལག་འཁྱེར་ཨང་གྲངས། དངུལ་བྱང་ཨང་གྲངས་སམ་ཡང་ན་སྤྱི་ཚོགས་འགན་སྲུང་བྱང་བུའི་དངུལ་བྱང་ཨང་གྲངས། ཐོ་ཁུངས་དངུལ་ཁང་གི་མིང་ཆ་ཚང་། འབྲེལ་ཡོད་ཁ་པར་ཨང་གྲངས་བཅས་མཁོ་སྤྲོད་བྱེད་རྒྱུ་ཐུགས་འཇགས་འཚལ།

ཞེས«གངས་རྒྱན་ན་ཆུང་ཚགས་པར»རྩོམ་སྒྲིག་ཁང་ནས།
2024ལོའི་ཟླ7པའི་ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།