logo

སློབ་སྔོན་སློབ་གསོ"སློབ་ཆུང་ཅན"དུ་འགྱུར་བར་གཏན་འགོག་བྱ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-11-19 ཀློག་གྲངས།:
སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ལ་གསལ་འགྲེལ་གནང་བ་དང་སློབ་སྔོན་སློབ་གསོ་དེ“སློབ་ཆུང་ཅན”དུ་འགྱུར་བར་གཏན་འགོག་བྱ་རྒྱུ་ཡིན་པ།
 
       ཟླ11པའི་ཚེས8ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས»ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། ཟླ11པའི་ཚེས11ཉིན་སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་ངོ་སྤྲོད་དང་གསལ་འགྲེལ་བྱས་པ་རེད།
       “སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་དེས་སློབ་སྔོན་སློབ་གསོ་དེ‘ཆེད་དམིགས་ཀྱི་གཞི་འཛིན་སའི་ཁྲིམས་ཡོད་པའི’དུས་མཚམས་གསར་པར་སླེབས་པ་མཚོན་ཡོད”ཅེས་སློབ་གསོ་པུའུ་ཡི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ཐེན་ཙུའུ་དབྱིན་གྱིས་བཤད་པ་རེད།
       ཉེ་བའི་ལོ་ཤས་རིང་། སློབ་སྔོན་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད་མོད། འོན་ཀྱང་དེ་ནི་སྔར་བཞིན་རྒྱལ་དམངས་སློབ་གསོའི་མ་ལག་གི་ལྷུ་ཚིགས་ཞན་ས་ཞིག་ཡིན་པས། ཁྲིམས་འཛུགས་བརྒྱུད་སློབ་སྔོན་སློབ་གསོའི་ཐད་ཀྱི་ཏང་གི་འདོད་ཚུལ་དེ་རྒྱལ་ཁབ་ཀྱི་འདོད་བློར་སྒྱུར་བ་དང་། ལག་ལེན་གྱི་གྲུབ་འབྲས་དེ་བཅའ་ཁྲིམས་ཀྱི་ལམ་ལུགས་སུ་སྒྱུར་བ། ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་འབུར་ཐོན་གནད་དོན་སེལ་བ་བཅས་བྱས་ཏེ། སློབ་སྔོན་སློབ་གསོའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས།
ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
       “འཛམ་གླིང་རྒྱལ་ཁབ་ཁག་གི་ཉམས་མྱོང་ལས་དཔལ་འབྱོར་ཇི་ཙམ་དར་རྒྱས་ཆེ་བ་དང་སྤྱི་ཚོགས་ཇི་ཙམ་ཡར་རྒྱས་ཕྱིན་ན། སློབ་སྔོན་སློབ་གསོར་དེ་ཙམ་གྱིས་མཐོང་ཆེན་བྱེད་དགོས་པ་གསལ་བཤད་བྱས་ཡོད། རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་ཀྱི་སློབ་སྔོན་སློབ་གསོའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནས་བབ་གཏན་འཁེལ་བྱས་ནས། སློབ་སྔོན་སློབ་གསོའི་བྱ་གཞག་གི་སྤྱི་པའི་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དེ་འཛམ་གླིང་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད”ཅེས་པེ་ཅིན་དགེ་འོས་སློབ་ཆེན་རྒྱལ་ཁབ་རྩེར་སོན་རིག་མཛོད་སློབ་གསོའི་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲི་ཡུང་གིས་བཤད་པ་དང་། ཁོང་གིས་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་སློབ་སྔོན་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་གི་གྲུབ་ཆ་ཞིག་དང་། སྤྱི་ཚོགས་སྤྱི་ཕན་བྱ་གཞག་གལ་ཆེན་ཞིག་ཡིན་པ་གསལ་བོར་བསྟན་ཡོད་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་དེ་དག་གིས་སློབ་སྔོན་སློབ་གསོའི་བྱ་གཞག་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་རྩ་བའི་འགན་ལེན་བྱས་ཡོད་ཟེར།
       སློབ་གསོ་པུའི་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་འཁུར་བས་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་གསལ་འགྲེལ་བྱེད་སྐབས། བཅའ་ཁྲིམས་ནང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་དང་། གཞུང་བཙུགས་བུ་བཅོལ་ཁང་ཐད་ཀར་གཉེར་བ་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་སོགས་གཞུང་ཁོངས་གཙོ་གཞི་གཞན་པས་གཞུང་བཙུགས་བུ་བཅོལ་ཁང་གཉེར་བར་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཀུན་ཕན་རང་བཞིན་གྱི་དམངས་བཙུགས་བུ་བཅོལ་ཁང་གཉེར་བར་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སློབ་སྔོན་སློབ་གསོའི་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད།
       སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་ད་དུང་སློབ་སྔོན་སློབ་གསོར་སྲིད་གཞུང་གིས་མ་དངུལ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། ཁྱིམ་ཚང་གིས་སློབ་གསོའི་མ་གནས་འགན་ལེན་ལུགས་མཐུན་བྱེད་པ། ཐབས་ལམ་མང་པོའི་ཐོག་ནས་གྲོན་དངུལ་གྲབས་གསོག་བྱེད་པ་བཅས་ཀྱི་མ་འཇོག་ལམ་སྲོལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སློབ་སྔོན་སློབ་གསོར་ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སློབ་ཡོན་མི་དགོས་པའི་སློབ་སྔོན་སློབ་གསོ་ལག་བསྟར་བྱ་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། དེ་དང་ཆབས་ཅིག་དམིགས་བསལ་གྱི་ས་ཁུལ་དང་ཚོགས་སྤྱིར་དོ་ཁུར་བྱས་ནས་སློབ་ལོ་ལོན་པའི་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་བྱིས་པ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་སོགས་ཀྱིས་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོ་དང་ལེན་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
བུ་བཅོལ་ཁང་གི་དགེ་རྒན་ལས་ཞུགས་ཀྱི་འགག་སྒོ་གཟབ་ནན་དུ་གཏོང་དགོས།
       “སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་དེ་ནི་རྒྱ་ཆེའི་བུ་བཅོལ་ཁང་གི་དགེ་རྒན་ཚོར་མཚོན་ན་གཏམ་བཟང་ཞིག་ཡིན་པ་སྨོས་མེད་རེད”ཅེས་པེ་ཅིན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྥེང་ཞའོ་ཞ་ཡིས་བཤད་པ་དང་། མོས་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱིས་བཅའ་ཁྲིམས་ཀྱི་ཐོག་ནས་ཆེད་མངགས་བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་དང་། གླ་ཕོགས་ཀྱི་ཐོབ་ཐང་། ལས་རིགས་འཕེལ་རྒྱས་སོགས་ཐད་ཀྱི་ཁེ་དབང་གཏན་འབེབས་ཁ་གསལ་བྱས་ཤིང་། དེས་བུ་བཅོལ་ཁང་གི་དགེ་རྒན་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་གང་ལེགས་སྒོས་མཚོན་པ་དང་། བུ་བཅོལ་ཁང་གི་དགེ་རྒན་གྱི་ལས་རིགས་ལ་དུས་རབས་གསར་པའི་གཟི་བརྗིད་མངོན་པ་མ་ཟད། སློབ་སྔོན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
       སློབ་གསོ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཀྲང་ཝུན་པིན་གྱིས་མཚམས་སྦྱོར་བྱེད་རྒྱུར། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། བུ་བཅོལ་ཁང་དང་དེ་བཞིན་དེ་གཉེར་མཁན་གྱིས་དགེ་རྒན་དང་ལས་བཟོའི་གླ་ཕོགས་དང་ཕན་བདེར་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ལ། གཞུང་བཙུགས་བུ་བཅོལ་ཁང་གི་དགེ་རྒན་གྱི་གླ་ཕོགས་དེ་ནོར་སྲིད་ཀྱི་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས་པའི་བླང་བྱ་བཏོན་ཞིང་། བུ་བཅོལ་ཁང་གི་དགེ་རྒན་ལ་གོ་མིང་ཞིབ་དཔྱད་གཏན་འཁེལ་དང་ལས་གནས་གདན་བསྐོ་སོགས་ཀྱི་ཐད་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་གསལ་བོར་བསྟན་ཡོད། དུས་མཚུངས་སུ་གསོ་སྐྱོང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས་ཚུལ་བཏོན་པ་དང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སློབ་སྔོན་སློབ་གསོའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་གྱི་འཆར་གཞི་བཟོས་ནས། རྣམ་པ་ཕུན་སུམ་ཚོགས་པའི་གསོ་སྐྱོང་སྦྱོང་བརྡར་སྤེལ་དགོས་པའི་གཏན་འབེབས་བྱས་ཡོད།
       ཐེན་ཙུའུ་དབྱིན་གྱིས“རྗེས་མར་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ཐད་བུ་བཅོལ་ཁང་གི་དགེ་རྒན་གྱི་འོས་བབ་ཆ་རྐྱེན་གཟབ་ནན་དུ་བཏང་ནས། དགེ་རྒན་ལས་ཞུགས་ཀྱི་འགག་སྒོ་ཡག་པོར་སྲུང་དགོས”པར་བཤད་པ་དང་། དགེ་རྒན་གསོ་སྐྱོང་གི་རིམ་པ་དང་སྤུས་ཚད་མཐོ་རུ་བཏང་སྟེ། དགེ་རྒན་གྱི་བསམ་བློ་ཆབ་སྲིད་དང་། དགེ་རྒན་གྱི་སྤྱོད་སྲོལ། ཆེད་ལས་ནུས་པ་སོགས་ཐད་ཀྱི་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་གྱི་ཀུན་སྤྱོད་ལེགས་པ་དང་ལས་གཅེས་ལས་བརྩོན། ལས་སྒོ་སྤུས་ལེགས། གྲུབ་ཆ་ལུགས་མཐུན་བཅས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ཡིན་ཟེར།
       སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་དུའང་འབྲེལ་ཡོད་ཀྱི་གཏན་འཁེལ་བྱས་ཡོད་པ་སྟེ། བུ་བཅོལ་ཁང་གི་དགེ་རྒན་དང་། ཡོན་ཀྲང་། བུ་རྫི་བ། འཕྲོད་བསྟེན་བདེ་སྲུང་མི་སྣ་སོགས་ལ་གཏན་འབེབས་ཀྱི་ཆ་རྐྱེན་ཚང་དགོས་པ་ཁ་གསལ་བཟོས་ཡོད། དགེ་རྒན་དང་ལས་བཟོ་པ་བཀོད་སྒྲིག་བྱེད་པའི་ཚད་གཞི་གཏན་འབེབས་བྱ་རྒྱུའི་བླང་བྱ་འདོན་དགོས་པ་དང་། བུ་བཅོལ་ཁང་དང་དེའི་འཛུགས་གཉེར་བྱེད་མཁན་གྱིས་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་དགེ་རྒན་དང་ལས་བྱེད་མི་སྣ་གཞན་དག་འདང་ངེས་བཀོད་སྒྲིག་དང་ཆ་ཚང་བཀོད་སྒྲིག་བྱ་དགོས། བུ་བཅོལ་ཁང་གིས་གདན་ཞུས་ལས་བསྐོས་དགེ་རྒན་སོགས་ལས་སྒྲུབ་མི་སྣ་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་མ་ཟད། རྒྱབ་ལྗོངས་རྩད་ཞིབ་དང་བདེ་ཐང་ཞིབ་བཤེར་བྱེད་དགོས་ལ། བྱིས་པའི་ལུས་སེམས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པ་དང་སློབ་སྔོན་སློབ་གསོའི་ལས་ཀ་བྱེད་མི་འོས་པའི་གནས་ཚུལ་ཡོད་ན། གདན་ཞུས་ལས་བསྐོས(གདན་ཞུས)བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།
སློབ་སྔོན་སློབ་གསོ“སློབ་ཆུང་ཅན་”དུ་འགྱུར་བར་སྔོན་འགོག་དང་ཡོ་བསྲང་བྱེད་དགོས།
       ཐེན་ཙུའུ་དབྱིན་གྱིས་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་གསལ་འགྲེལ་བྱེད་སྐབས། མིག་སྔར་བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་ལས་འགལ་བའི“སློབ་གསོའི་མྱུར་རྒྱུག”གི་གནད་དོན་ལ་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད། “སློབ་སྔོན་སློབ་གསོའི‘སློབ་ཆུང་ཅན’དུ་འགྱུར་བའི་ཁ་ཕྱོགས་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས”ཟེར།
       ཐེན་ཙུའུ་དབྱིན་གྱིས་བཤད་རྒྱུར། ལོ3ནས6བར་གྱི་བྱིས་པར་སྤྱི་མཚན་གྱི་ཡི་གེའི་མཚོན་རྟགས་ལ་གོ་བ་ལེན་པའི་ནུས་པ་དེ་ཙམ་མེད། གལ་ཏེ་སྔ་སྣུར་སྒོས་སློབ་ཆུང་གི་སློབ་ཚན་སློབ་སྦྱོང་བྱས་ཚེ། བྱིས་པའི་སྤྲོ་སྣང་མེད་པར་བཟོས་པ་མ་ཟད། བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་ཡང་མེད་པར་འགྱུར་རྒྱུ་དང་། ཁོང་ཚོའི་ལུས་སེམས་བདེ་ཐང་གི་འཕེལ་རྒྱས་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན་ཅེས་དང་། “ལོ་འདི་དག་ནང་སློབ་གསོ་པུའུ་ཡིས་ལོ་ཆུང་བྱིས་པའི་ཚན་རིག་དང་མཐུན་པའི་སྦྲེལ་མཐུད་ལ་དམིགས་ནས། བུ་བཅོལ་ཁང་དང་སློབ་ཆུང་ཚང་མར་གང་ཞིག་བྱེད་དགོས་པ་དང་གང་ཞིག་བྱེད་མི་འོས་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད”ཟེར།
       “སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་། སློབ་སྔོན་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་གི་གྲུབ་ཆ་ཞིག་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གལ་ཆེན་ཞིག་ཡིན་པའི་གཏན་འབེབས་བྱས་ཡོད”། ཀྲུང་གོ་ཁྲིམས་རིག་སློབ་ཚོགས་སྲིད་འཛིན་ཁྲིམས་རིག་ཞིབ་འཇུག་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པའམ་ཧེ་ལུང་ཅང་སློབ་ཆེན་གྱི་སློབ་གཙོ་ཝང་ཅིན་པོ་ཡིས་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། གཏན་འབེབས་དེས་སློབ་སྔོན་སློབ་གསོ་དེ་སྤྱི་ཕན་བྱ་གཞག་ཏུ་གཏན་འཁེལ་བྱས་པ་དང་། སློབ་སྔོན་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་པ་དང་། སློབ་སྔོན་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་སྟེ། བྱིས་པ་འཚར་ལོངས་དང་འཕེལ་རྒྱས་འགྲོ་བར་དེ་བས་ལེགས་པའི་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་བཤད་པ་དང་། “དེ་དང་ཆབས་ཅིག་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་པའི་ནང་། ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་སློབ་སྔོན་སློབ་གསོའི་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་འགལ་བའམ་ཡང་ན་ལོ་ཚད་ཀྱི་ཁྱད་ཆོས་དང་མི་མཐུན་པའི་ཚོང་ལས་རང་བཞིན་གྱི་བྱེད་སྒོ་དང་། འགྲན་བསྡུར་རིགས་ཀྱི་བྱེད་སྒོ བྱེད་སྒོ་གཞན་དག་བཅས་རྩ་འཛུགས་བྱས་མི་ཆོག་པར་གཏན་ཁེལ་བྱས་ཤིང་། དེས་སྤྱི་ཕན་རང་བཞིན་དང་ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་བཏང་ཡོད”ཟེར།
       ཐེན་ཙུའུ་དབྱིན་གྱིས་མཚམས་སྦྱོར་བྱེད་རྒྱུར། རྗེས་མར་སློབ་གསོ་པུའུ་ཡིས་སློབ་སྔོན་སློབ་གསོའི“སློབ་ཆུང་ཅན”དུ་འགྱུར་བར་སྔོན་འགོག་དང་ཡོ་བསྲང་བྱེད་པའི་ཐད་གཙོ་གནད་ལས་དོན་ཁག་གསུམ་ལ་དམ་འཛིན་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་ཆེད་ལས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆེད་མཁས་པ་དང་ཆེད་ལས་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། བུ་བཅོལ་ཁང་གི་སློབ་ཞུགས་གྲ་སྒྲིག་དང་སློབ་ཆུང་གི་སློབ་ཞུགས་དེ་སློབ་གསོའི་ཕན་ནུས་རང་བཞིན་ལ་འཕྲོད་མཐུན་ཡོང་བར་བྱ་རྒྱུ་གཏོང་རྒྱུ་དང་། གཉིས་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟེགས་བུ་སྣ་ཚོགས་སྤྱད་དེ་ཁྱིམ་བདག་དང་བུ་བཅོལ་ཁང་། སློབ་ཆུང་བཅས་ལ་ཁ་ཕྱོགས་ནས་ཚན་རིག་དང་མཐུན་པའི་སྦྲེལ་མཐུད་འདུ་ཤེས་དང་བྱེད་ཐབས་རྒྱུན་མཐུད་ངང་དྲིལ་བསྒྲགས་བྱ་རྒྱུ། གསུམ་ནས་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། བུ་བཅོལ་ཁང་དང་སློབ་ཆུང་གིས་སྔ་སྣུར་དང་རྩ་འཛིན་ལས་བརྒལ་ནས་སློབ་ཁྲིད་བྱེད་པའི་ཚད་ལྡན་མིན་པའི་སློབ་གཉེར་བྱ་སྤྱོད་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། དེ་དག་ལ་དམིགས་ཏེ་ཞིབ་བཤེར་དང་དོ་དམ་མཐའ་འཁྱོལ་བྱེད་པ་དང་། སློབ་སྔོན་སློབ་གསོའི“སློབ་ཆུང་ཅན”དུ་འགྱུར་བའི་ཁ་ཕྱོགས་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་རྒྱུ་ཡིན་ཟེར། །
འབྲེལ་ཡོད་འོས་སྦྱོར།