logo

མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་དེ་སྟོང་ཝ་ཁྲི་གསུམ་གྱི་རིམ་པའི་དམིགས་འབེན་མངོན་འགྱུར་བྱུང་།

རྩོམ་པ་པོ།:བུ་མོ་མཆོག ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-01-16 ཀློག་གྲངས།:
       ཟླ1པོའི་ཚེས13ཉིན། གསར་འགོད་པས་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2024ལོར། རང་ཁུལ་གྱི་ནུས་ཁུངས་གཙང་མའི་གློག་འདོན་སྒྲིག་ཆས་ཀྱི་གཞི་ཁྱོན་སྟོང་ཝ་ཁྲི4916ལ་བསླེབས་ནས་སྟོང་ཝ་ཁྲི3066ལ་དྲ་སྦྲེལ་བྱས་ཏེ་སྟོང་ཝ་ཁྲི་གསུམ་གྱི་རིམ་པའི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱུང་།
       ཞིང་ཆེན་ཡོངས་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་གློག་སྒྱུར་ས་ཚིགས་མང་པོ་དམ་པོར་སྦྲེལ་བའི་དྲ་བའི་སྒྲོམ་གཞི་དང་རང་ཁུལ་གྱི་ཐོན་ཁུངས་དང་ཐོན་ལས་ཀྱི་བཟང་ཆར་བརྟེན། འོད་བསྡུ་དང་འོད་ནུས། རླུང་གློག སྒྲིག་ཆས་བཟོ་སྐྲུན་དང་གློག་ཤུགས་རྟེན་གཞིའི་སྒྲིག་བཀོད་རིག་ནུས་ཅན་དུ་འགྱུར་བ་བཅས་གཞི་གཅིག་ཏུ་བསྡུ་བ་དང་ཕྱོགས་བསྡུས་དཔེ་སྟོན་གླིང་ཁུལ་གཅིག་གྱུར་གྱིས་གསར་སྤེལ་བྱས་ནས་རླུང་དང་འོད། ཆུ། ས་འོག་ཚ་ནུས། ནུས་གསོག་བཅས་ཀྱི་ནུས་པ་ལྡན་པའི་ཚད་གཞི་ཞིག་ཏུ་གྲུབ་སྟེ་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་དེ་ནུས་ཁུངས་གཙང་མའི་འཐུས་ཚབ་ཏུ་གྱུར་བའི་ལྗང་མདོག་ཐོན་ལས་ལ་བསྒྱུར་བའི་རྣམ་པ་གལ་ཆེན་མངོན་འགྱུར་བྱུང་ཡོད།
       ལྷག་པར་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་རླུང་ཤུགས་གློག་འདོན་འོད་བསྡུ་རྟེན་གཞིའི་ལས་གཞི་གཅིག་རྗེས་གཉིས་མཐུད་དུ་འཛུགས་སྐྲུན་བྱས་རྗེས། རང་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་གློག་དང་ཕྱི་གཏོང་སྐུད་ལམ་གསུམ་འཛུགས་སྐྲུན་གཙོ་བོར་བྱས་ཤིང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་གི་ནུས་ཁུངས་གཙང་མ་དང་སྟོང་ཝ་ཁྲི་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་འཕེལ་རྒྱས་གཏོང་བའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱས་ནས་ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་སུ་གཏོང་བར་སྲིད་ཇུས་ཀྱི་འདེགས་སྐྱོར་བྱས་པས། 2024ལོར། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཕྱོགས་ལ་མ་དངུལ་སྒོར་དུང་ཕྱུར161བཏང་ནས་ལོ་སྔོན་མ་ལས21.5%འཕར་པ་དང་མ་ད་ངུལ་ཡོངས་ཀྱི75%བཟུང་ལ། ནུས་ཁུངས་གཙང་མའི་གློག་འདོན་སྒྲིག་ཆས་དེ་གློག་ཤུགས་མ་ལག་དྲ་རྒྱ་དང་སྦྲེལ་བའི་གློག་འདོན་ཤོང་ཚད་སྟོང་ཝ་ཁྲི3066ཟིན་ཡོད། དེའི་ནང་ཆུའི་གློག་འདོན་ཚད་སྟོང་ཝ་ཁྲི738དང་། འོད་བསྡུའི་གློག་འདོན་ཚད་སྟོང་ཝ་ཁྲི1773ཟིན་པ་དང་། འོད་ནུས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི5དང་རླུང་གི་གློག་འདོན་ཚད་སྟོང་ཝ་ཁྲི470ཟིན་ལ། ནུས་གསོག་ཉར་ཚད་སྟོང་ཝ་ཁྲི80བཅས་ཟིན་ཡོད།
       2012ལོ་ནས་བཟུང་ཁུལ་ཡོངས་སུ་ནུས་ཁུངས་གསར་པའི་ལས་གཞི133འཛུགས་སྐྲུན་བྱས་ནས་མི་ཁྲི13.15ལས་ཞུགས་ཐུབ་པ་བྱུང་ལ། དེའི་ནང་ས་གནས་མང་ཚོགས་མི་ཁྲི4.7བསྡུ་ལེན་བྱས་པ་དང་མི་རེའི་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར4642ཐོན་ཡོད། འོད་བསྡུ་གློག་འདོན་ས་ཚིགས112ཐོན་སྐྱེད་བྱས་ཏེ་གཏན་འཇགས་ཀྱི་ལས་ཞུགས་ལས་གནས1726འདོན་སྤྲོད་བྱས་པ་དང་། ས་གནས་ཀྱི་མང་ཚོགས་མི561གི་ལས་ཞུགས་ཐག་གཅོད་བྱས།སྔོན་དཔག་བྱས་ན་མི་རེའི་ཆ་སྙོམས་ལོ་རེའི་ཡོང་སྒོ་འབབ་སྒོར་ཁྲི5.95ལ་ཐོན་ཡོད་ཅེས་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ནུས་ཁུངས་ཁོའོ་ཡི་ཁོའོ་ཀྲང་ཆི་ཞན་ཧུའེ་ཡིས་དེ་ལྟར་བཤད།
འབྲེལ་ཡོད་འོས་སྦྱོར།