སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་དེ་རིང་དགོང་དྲོར་བཤམ་རྒྱུ་རེད།
རྩོམ་པ་པོ།:ཁོན་ཐར་འཚོ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-02-12
ཀློག་གྲངས།:
འཇིག་རྟེན་འདིའི་མེ་ཏོག་སྣ་ཚོགས་ཀྱི་ཁྲོད་ཐུན་མོང་མ་ཡིན་པའི་མེ་ཏོག་ཅིག་ཡོད་པ་ནི་རང་བྱུང་གི་སའི་བཅུད་ཕུན་སུམ་ཚོགས་པ་ལ་བརྟེན་ནས་སྐྱེས་པ་ཞིག་མ་ཡིན་པར་མིའི་རིགས་ཀྱི་བློ་གྲོས་ལས་འཁྲུངས་ཤིང་མཛུབ་རྩེ་ལས་ག་ལེར་བཞད་པའི་མཐོ་སྒང་གི་མེ་ཏོག་ཅིག་ཡིན་ལ། ལྷུག་པོར་གྲོལ་པའི་འདབ་མ་རེ་རེ་དང་། གསལ་ཞིང་བཀྲ་བའི་རྣམ་པ་རེ་རེ་ནི་མེ་ཏོག་མཆོད་པ་བཟོ་མཁན་གྲྭ་བ་རྣམས་ཀྱི་རྔུལ་ཁྲག་དང་བློ་གྲོས་ཀྱི་རྩལ་ལས་བཏོན་པ་ཡིན་པས། རྔམ་མཐུག་པའི་ལོ་རྒྱུས་རིག་གནས་དང་ཡིད་དབང་རབ་ཏུ་འགུག་པའི་སྒྱུ་རྩལ་གྱི་ཉམས་ཁྱད་དུ་འཕགས་པ་ཁྱད་ཆོས་ལྡན།

“སྐུ་འབུམ་དགོན་གྱི་མཆོག་གསུམ”གྱི་དང་པོ་སྟེ། མེ་ཏོག་མཆོད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་རྒྱ་ཆེན་པོ་ཡིས་དེར་ཕེབས་ཀྱི་ཕྱོགས་ཡོངས་མགྲོན་པོའི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག་སྟེ། མཐོ་སྒང་འཛིན་མའི་གཞི་རུ་འོད་ཆེམ་ཆེམ་དུ་འཚར་བའི་མུ་ཏིག་རྡོག་ཅིག་ཏུ་གྱུར་ཡོད།
མེ་ཏོག་མཆོད་པ་དེ་ནི་ལོ་རེའི་ལུགས་རྙིང་གི་ཟླ་བཅུ་བ་ནས་བཟུང་སྟེ། མེ་ཏོག་མཆོད་པ་བཟོ་མཁན་ཆེད་བསྐོས་གྲྭ་བ་རྣམས་ཀྱིས་བློ་ཞིབ་མོས་ཇུས་འགོད་དང་། བསྟན་བྱའི་ནང་དོན་གསར་རྩོམ་གྱི་ལས་མགོ་རྩོམ་པ་ཡིན། དེ་ཡང་རྒྱུ་ཆ་ནི་ཞུ་སླ་བའི་མར་ཡིན་པས་ལས་ཀ་མང་ཤོས་གྲང་ངར་ཆེ་བའི་དགུན་ཟླ་གསུམ་གྱི་ནང་དུ་བཟོ་དགོས། ནང་དོན་གྱི་ཆ་ནས་ནང་བའི་ཆོས་དང་འབྲེལ་བའི་སྟོན་པ་རིན་པོ་ཆེའི་རྣམ་ཐར་དང་། དམངས་ཁྲོད་གཏམ་རྒྱུད། ལོ་རྒྱུས་མི་སྣ། ལོ་རྒྱུས་བསྟན་བཅོས། ལྷ་སྒྲུང་ལ་སོགས་བསྟན་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། བོད་བརྒྱུད་ནང་བསྟན་གྱི“ཉིང་བཅུད་བསྡུས་པ། ཕུན་སུམ་ཚོགས་པ། རྩལ་ལ་མཁས་པ”བཅས་ལག་ཤེས་ཀྱི་ཁྱད་ཆོས་གསུམ་འཛིན་སྐྱོང་གང་ལེགས་བྱས་ཡོད།

ཤེས་གསལ་ལྟར་ན། མེ་ཏོག་མཆོད་པ་བཤམས་ཁང་དེ1988ལོར་བཙུགས་པ་དང་། 2013ལོར་རྒྱལ་ཁབ་ཀྱིས་སྒོར་ཁྲི1200བཏང་ནས་བསྐྱར་སྐྲུན་བྱས། 2006ལོར་སྐུ་འབུམ་བྱམས་པ་གླིང་གི་མར་རྒྱན་ནམ་མེ་ཏོག་མཆོད་པས་ཐུན་མིན་གྱི་སྒྱུ་རྩལ་རིན་ཐང་དང་གཏིང་ཟབ་ལ་རྒྱ་ཆེ་བའི་རིག་གནས་ཀྱི་རྫོང་མཐུག་པོ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད། དེའི་ཡར་སྔོན་ཏེ1990ལོ་ནས1994ལོར། པེ་ཅིང་དང་ཧྲན་ཀྲེང་བཅས་སུ་མེ་ཏོག་མཆོག་པ་འདི་ཡུལ་དེའི་མང་ཚོགས་གཟིགས་འབུལ་གནང་མྱོང་། 2016ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཡི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་ཧྥ་རིན་སིའི་ཕ་ལི་དང་། འཇར་མན་གྱི་ཕོ་ལིན་བཅས་སུ་བསྐྱོད་དེ་གཞི་ཁྱོན་ཆེ་ཤོས་ཀྱི་སྒོ་ནས་རྒྱལ་སྤྱི་སྡིངས་ཆར་ངོམ་ཞིང་། རྒྱལ་སྤྱིའི་སྟེང་དགའ་བསུ་ཚད་མེད་ཐོབ་པར་མ་ཟད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་གི་ཐད་ལ་ལག་རྗེས་ཆེན་པོ་བཞག
དེ་རིང་སྟེ་དཔྱིད་གསར་ཟླ་བ་དང་པོའི་ཚེས15ཉིན་ནི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་མཇལ་ཉིན་མོ་ཡིན། ཉིན་དེའི་དགོང་དྲོ་སླེབས་པའི་ཆར་མེ་ཏོག་མཆོད་པ་གླིང་དེར་དངོས་སུ་བཤམས་ཏེ། ཕྱོགས་ཀུན་ནས་མཆོད་མཇལ་དང་གཟིགས་མོར་ཡོང་མཁན་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་འབོར་ཆེན་གྱིས་རེ་བ་དང་སྨོན་པ། འཆར་ཡན་སྣ་ཚོགས་བཅངས་ནས་གནས་འདིར་གོམ་ཁ་ཕྱོགས་ངེས། གལ་ཏེ་ཉིན་དེར་མཇལ་བའི་སྟབས་མ་འགྲིག་པ་དང་གོ་སྐབས་ཤོར་བ་ཡིན་ན། དེ་ལ་ཡིད་ཕམ་མི་དགོས་ཏེ། མེ་ཏོག་མཆོད་པ་དེ་དག་མར་རྒྱན་ཁང་དུ་ཉར་རྒྱུ་ཡིན་པས། རྗེས་མ་ཡུལ་སྐོར་བ་རྣམས་མར་རྒྱན་ཁང་དུ་བཅར་ནས་དེ་གར་མཇལ་ཆོག་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།