མཚོ་ལྷོ་ཁུལ་གྱིས་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-23
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ལུགས་གསོ་རིག་གི་གཏར་ཁའི་སྨན་བཅོས་བྱེད་ཐབས་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ4བའི་ཚེས16ཉིན་ནས་ཚེས18ཉིན་བར་ཁུལ་འཕྲོད་བསྟེན་བདེ་སྲུང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་མཉམ་འབྲེལ་སྒྲིག་གཞི་དང་ཁ་གཏད་རོགས་སྐྱོར་སྨན་ཁང་གི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་གཏར་ཁའི་གསོ་སྦྱོང་ཁུལ་བོད་སྨན་ཁང་དུ་བསྡུས། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཆེད་མཁས་པ་བཀྲ་རྒྱལ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་ཆེད་མཁས་པ་རྒྱལ་བ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཚབ་མཚོན་ཅན་བོད་ལུགས་གསོ་རིག་གི་གཏར་ཁའི་རྒྱུན་འཛིན་པ་ཉི་མ་ཚེ་རིང་། ཁུལ་བོད་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་སྣེ་ཁྲིད་པ་དཔལ་འབུམ་རྒྱལ་བཅས་ཀྱིས་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་མཉམ་འབྲེལ་སྒྲིག་གཞི་དང་ཁ་གཏད་རོགས་སྐྱོར་སྨན་ཁང་གི་སློབ་མ200ལྷག་ལ་བོད་ལུགས་གསོ་རིག་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་སྐབས་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། ཆེད་མཁས་པ་རྣམས་ཀྱིས་བོད་ལུགས་གསོ་རིག་གི་གཏར་ཁ་རྒྱག་པ་དང་མེ་བཙའ་འཇོག་པའི་གསོ་ཐབས་དང་ཟུང་འབྲེལ་བྱས་ཏེ། གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་རྨང་གཞི་དང་ཕུན་སུམ་ཚོགས་པའི་སྨན་བཅོས་ཉམས་མྱོང་ཟུང་འབྲེལ་བྱས་ཤིང་། གསོན་ཉམས་ལྡན་པའི་དངོས་དཔེ་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཤེས་བྱ་གཏིང་ཟབ་པའི་སྒོ་ནས་སློབ་ཁྲིད་བྱས། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་ཆེད་ཉིན་ལྟར་ཕྱི་དྲོ་དགེ་རྒན་བཀྲ་རྒྱལ་གྱིས་སྒོ་བསྟེན་སྨན་བཅོས་ཀྱི་དཔེ་སྟོན་དང་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཐད་གཏོང་རྣམ་པར་བརྟེན་ནས་ནད་པའི་གསང་དོན་ལ་འགན་སྲུང་དང་། སློབ་མར་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྦྱོང་བྱས་ནས་དྲ་སྟེང་ནས་སློབ་སྦྱོང་བྱ་རྒྱུའང་མངོན་འགྱུར་བྱུང་།

གསོ་སྦྱོང་དཔྱད་ཞིབ་ཁྲོད། སློབ་མ་ཡོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་ཚད100%ཟིན་ཡོད་པ་དང་། དུར་ལམ་རྫོང་བོད་སྨན་ཁང་གི་ན་གཞོན་སྨན་པ་དཀའ་ཐུབ་ཀྱིས་ཐེངས་འདིའི་གསོ་སྦྱོང་གིས་རང་ཉིད་ལ་གཏར་ཁའི་སྨན་བཅོས་ལག་ལེན་བྱེད་སྐབས་ཀྱི་ནོར་འཁྲུལ་དང་ཉམས་འཇོག་ས་གསལ་བོར་ཤེས་སུ་བཅུག་པ་མ་ཟད། སྨན་བཅོས་ཚད་ལྡན་རང་བཞིན་དང་བདེ་འཇགས་རང་བཞིན་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་ཅེས་བཤད། སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཐེངས་འདིའི་གསོ་སྦྱོང་གིས་བོད་ལུགས་གསོ་རིག་གི་གཏར་ཁའི་གསོ་ཐབས་ཀྱི་དངོས་སྤྱོད་ནུས་རྩལ་ཇེ་བརྟན་དུ་བཏང་བར་མ་ཟད། བོད་ལུགས་གསོ་རིག་གི་གཞུང་ལུགས་མ་ལག་སྔར་ལས་གཏིང་ཟབ་ཏུ་བཏང་ཞིང་། ནད་ཐོག་ལག་ལེན་བྱེད་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཐེངས་འདིའི་གསོ་སྦྱོང་ནང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཁྲིད་ཕྱོགས་སུ་བཟུང་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ལུགས་གསོ་རིག་གི་གཏར་ཁའི་སྨན་བཅོས་བྱེད་ཐབས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ཤིང་། རྒྱ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་ལས་ལག་རྩལ་མི་སྣར་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་བསྐྲུན་པ་རེད། ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་རྒྱལ་མཚན་དོན་འགྲུབ་ཀྱིས་ཐེངས་འདིའི་གསོ་སྦྱོང་ཁྲོད་ཆེད་ལས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་པར་མ་ཟད། བདེ་ཐང་མཚོ་ལྷོར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྒུལ་ཤུགས་གསར་པ་བསྣན་ནས། སྨན་བཅོས་མཉམ་འབྲེལ་ཚོགས་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ཡོད་ཟེར། །
འབྲེལ་ཡོད་འོས་སྦྱོར།