logo

རྫོང་རུའི་རང་མདངས་མངོན། ལང་ཚོའི་གཟི་དཔལ་ངོམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-05-08 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞོན་ནུ་ཚོར་སྣེ་ཁྲིད་དེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་དང་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྫོང་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་རོགས་རམ་བྱེད་པ་བཅས་ལ་དམིགས་ནས། ཉེ་ཆར། རང་རྫོང་གིས་རྫོང་རུའི་རང་མདངས་མངོན། ལང་ཚོའི་གཟི་དཔལ་ངོམས་ཞེས་པ་བརྗོད་དོན་བྱས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྩལ་ནུས་འགྲེམས་སྟོན་བྱེད་སྒོ་ཞིག་བསྡུས།
       བྱེད་སྒོའི་ཡུལ་དངོས་སུ་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ལག་ཤེས་པ་དང་ཟུང་ཆུ་རྫོང་གི་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཚེ་འཕེལ་དང་དེ་བཞིན་མཚོ་སྔོན་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཚུད་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ50ལྷག་མཉམ་དུ་འཛོམས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་བྱས་པ་བརྒྱུད་རྒྱ་ཆེའི་གཞོན་ནུ་ཚོར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོལ་སྟོན་ཞིག་འཁྱེར་ཡོང་བ་མ་ཟད། ན་གཞོན་གྱི་མི་རབས་འདིར་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པར་མྱོང་རོལ་བྱེད་དུ་འཇུག་པ་དང་ཆབས་ཅིག་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཐད་ཀྱི་སྤྲོ་སེམས་ལ་ངར་སློང་བྱས་པ་རེད།
       རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་འདི་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྫོང་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པ་རེད། བྱེད་སྒོ་འདི་ནི་གཙོ་བོ་རྫོང་རུ་རིག་གནས་འགྲེམ་སྟོན་ལ་དམིགས་ནས་སྤེལ་བ་ཞིག་ཡིན་ལ། དེའི་ནང་དུ་རྫོང་རུ་ཚོན་ལྡན་རྫ་ཆས་ཀྱི་ཁྱད་ཆོས་འགྲེལ་བཤད་དང་རྫ་ཆས་སྒྱུ་རྩལ་བཟོ་སྐྲུན། ཐང་ག་འབྲི་བཞེངས་སོགས་ཚུད་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་ཚོས་ཡུལ་དངོས་སུ་རྫ་ཆས་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་འགྲེམས་སྟོན་བྱས་པ་སྟེ། འདམ་དཀྲུག་པ་དང་རི་མོ་བརྐོ་པ། ཚོན་བྱུག་པའི་བར་གྱི་གོ་རིམ་ཚང་མར་སྒྱུ་རྩལ་རང་བཞིན་དང་ལག་རྩལ་རང་བཞིན་གྱི་ཁྱད་ཆོས་མང་པོ་ཡོད་ལ། བཟོ་དབྱིབས་མཛེས་སྡུག་ལྡན་པའི་ཚོན་ལྡན་རྫ་ཆས་ཀྱི་བརྩམས་ཆོས་རེ་རེས་ལྟད་མོ་བ་མང་པོ་ཞིག་གི་མིག་དབང་འཕྲོག་ཡོད་པ་རེད། ཚོན་ལྡན་རྫ་ཆས་ཀྱི་བརྩམས་ཆོས་འདི་དག་གི་ཁྲོད་ཀྱི་ལ་ལར་མཛེས་སྡུག་ལྡན་པའི་རི་མོ་བྲིས་ཡོད་པ་དང་། ལ་ལར་ཐུན་མོང་མ་ཡིན་པའི་བཟོ་དབྱིབས་མངོན་ཡོད་པས། རྫོང་རུ་ཚོན་ལྡན་རྫ་ཆས་ཀྱི་སྒྱུ་རྩལ་གྱི་རྣམ་པ་ལེགས་པར་མངོན་ཡོད།
       བྱེད་སྒོའི་ཉིན་དེར་མཚོ་སྔོན་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་ཚོས་ད་དུང་ཡུལ་དངོས་སུ་ཐང་ག་རི་མོའི་བརྒྱུད་རིམ་འགྲེམ་སྟོན་བྱས་པ་མ་ཟད། ཐང་ག་འཕེལ་རྒྱས་ཀྱི་ཐིག་རྩ་དང་རིག་གནས་ཀྱི་ནང་དོན་རྒྱས་བཤད་བྱས་ཤིང་། ཚོན་མདོག་དང་རི་མོའི་མཚོན་རྟགས་དོན་སྙིང་ལ་གསལ་འགྲེལ་བྱས་པས། སློབ་མ་རྣམས་ཀྱིས་ཐང་ག་སྒྱུ་རྩལ་གྱི་རིག་གནས་རྒྱུད་རྒྱུ་དང་བསམ་པའི་མཚོན་རྟགས། དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལོན་ཡོད་པ་དང་། ཚོན་མདོག་མཛེས་སྡུག་ལྡན་པ་དང་ཐིག་རྩ་ཞིབ་ཚགས་ཡིན་པའི་ཐང་གའི་བརྩམས་ཆོས་རེ་རེས་མི་རྣམས་ལ་ངོ་མཚར་བའི་ལྟད་མོ་ཞིག་བསྐྱལ་ཡོང་ཡོད།
འབྲེལ་ཡོད་འོས་སྦྱོར།