“མཐོ་སྒང་གྲོང་ཁྱེར་གྱི་མགྲོན་འཕྲད་ཚོམས”ཏེ་བོད་ལྗོངས་རྟེན་མཛོད་ཁང་།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2025-05-19
ཀློག་གྲངས།:
ཡུལ་སྐོར་བྲིན་པའི་དུས་སྐབས་སླེབས་པ་དང་བསྟུན་ནས་བོད་ལྗོངས་རྟེན་མཛོད་ཁང་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་བྱང་བུ་རྒྱག་སར་གྱུར་ཡོད་ལ། ཉིན་རེར་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་སོང་སྟེ་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཡིད་དབང་འཕྲོག་ཤུགས་ལ་མྱོང་བ་བྱེད་བཞིན་ཡོད།
བོད་ལྗོངས་རྟེན་མཛོད་ཁང་འདི་ཉིད་བོད་ལྗོངས་ཀྱི་སྡུད་ཉར་དང་འགྲེམ་སྟོན། ཞིབ་འཇུག སློབ་གསོ། ཞབས་ཞུ་སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་མཛོད་ཁང་གཅིག་པུ་ཡིན་པའི་ཆ་ནས། 1999ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར50ལོན་པ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར40ལོན་པའི་སྐབས་སུ་གསར་དུ་བཞེངས་ནས་སྒོ་ཕྱེས་པ་ཡིན་ལ། དེ་གར་ཕུན་སུམ་ཚོགས་པའི་ཉར་རྫས་དང་ལྟད་མོ་ཆེ་བའི་བཤམས་སྟོན་ཡོད། དེའི་ཉར་རྫས་བསྡོམས་གྲངས་ཁྲི52ལྷག་ལ་སླེབས་པ་དང་དེའི་ནང་སྐུ་འདྲ་དང་ཐང་ག དཔེ་རྙིང་ཡིག་ཚགས། རྫ་ཆས། གཡང་ཊིའི་ཡོ་ཆས། མཆོད་བྱད་སོགས་རིག་དངོས་རྩ་ཆེན་ཁྲི4ལྷག་ཡོད།

པར་འདི་ནི་བོད་ལྗོངས་རྟེན་མཛོད་ཁང་གི་ཕྱིའི་བཀོད་པ་རེད།
ཟླ5པའི་ཚེས13ཉིན། གསར་འགོད་པས་བོད་ལྗོངས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་སྐབས་ཡུལ་སྐོར་བ་རྒྱུན་ཆད་མེད་པ་མཐོང་། བཤམ་ཚོམས་སུ་ཡུལ་སྐོར་བས་སྤུས་ལེགས་ངོ་མཚར་ཆེ་བའི་ཐང་གར་བལྟས་ནས་དེའི་ཕྲ་ཞིང་ཞིབ་པའི་འབྲི་ལུགས་དང་མཛེས་སྡུག་ལྡན་པའི་ཚོན་མདངས་བཅས་ལ་མྱོང་བ་བྱས་ཏེ། ཐང་ག་ལས་མཚོན་པའི་ཆོས་ལུགས་དང་སྒྱུ་རྩལ་གྱི་ནང་དོན་རོལ་མྱོང་བྱེད་བཞིན་ཡོད་ལ། ཡང་ན་འགྲེལ་བཤད་པའི་གམ་དུ་བསྡད་དེ་རིག་དངོས་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་གསན་བཞིན་ཡོད། དཔེར་ན་ཁ་རུབ་གནའ་ཤུལ་ཀྱི་ས་འོག་ནས་ཐོན་པའི་གཟུགས་གཉིས་རྫ་སྣོད་ལ་མཚོན་ནས་བཤད་ན། སྔོན་དཔག་བྱས་པར་གཞིགས་ན་དེ་ནི་མཆོད་འབུལ་གྱི་ཡོ་བྱད་ཅིག་ཡིན་ལ། འགྲེལ་བཤད་པས་ཞིབ་ཏུ་བཤད་པ་ལས་ཡུལ་སྐོར་བས་དུས་ཚོད་དང་བར་སྟོང་བརྒལ་ནས་ལོ་ངོ་སྟོང་ཕྲག་སྔོན་གྱི་མཆོད་འབུལ་གྱི་རྣམ་པ་མཐོང་ཐུབ་པ་འདྲ། དམངས་སྲོལ་རིག་གནས་བཤམ་ཁུལ་དུ་ཡུལ་སྐོར་བ་མི་རིགས་ཀྱི་རྒྱན་གོས་དང་སྲོལ་རྒྱུན་གྱི་བཟོ་བཀོད་དཔེ་དབྱིབས་སོགས་ལ་མཚར་སྣང་སྐྱེས་པ་དང་། དངོས་རྫས་བཤམས་སྟོན་དང་རྣམ་པ་སླར་གསོ་སོགས་ཀྱི་འགྲེམ་སྟོན་ཐབས་ལམ་བརྒྱུད་དེ་དངོས་ནས་བོད་ཀྱི་དམངས་སྲོལ་རིག་གནས་རྒྱུས་ལོན་བྱས།

པར་འདི་ནི་བོད་ལྗོངས་རྟེན་མཛོད་ཁང་དུ་ཡུལ་སྐོར་བས་ནང་བསྟན་ཆོས་ལུགས་ཀྱི་སྒྱུ་རྩལ་དང་འབྲེལ་ཡོད་ཀྱི་བཤམ་དངོས་ལ་ལྟ་བའི་རྣམ་པ་རེད།
སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་སྐྱེས་མ་ཝང་གིས་དགའ་སྤྲོའི་ངང་བཤད་རྒྱུར། “སྔ་མོ་ནས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ཡོད་ལ། ཐེངས་འདིར་བོད་ལྗོངས་རྟེན་མཛོད་ཁང་དུ་ཡོང་བའི་ངོ་མ་ཧ་ལས་སུ་བཅུག འདི་གའི་རིག་དངོས་ཚང་མའི་ལོ་རྒྱུས་བརྗོད་བཞིན་པ་དང་འདྲ་བར་དེ་དག་བརྒྱུད་ནས་ང་རང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་སྔར་བས་གཏིང་ཟབ་ཀྱི་རྒྱུས་མངའ་ལོན་ཡོད”ཡུལ་སྐོར་བ་མང་པོ་སྐྱེས་མ་ཝང་དང་འདྲ་བར་བོད་ཀྱི་རིག་གནས་ལ་དགའ་མོས་ཡོད་པས་འདི་གར་ཡོང་བ་ཡིན་ལ། བོད་ལྗོངས་རྟེན་མཛོད་ཁང་དུ་ཤེས་བྱ་སྣ་འཛོམས་རྒྱུས་ལོན་དང་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རོལ་བ་དང་། མཁྱེད་དཔྱོད་ཟབ་ཅིང་ཡངས་པའི་བོད་ཀྱི་རིག་གནས་ཉམས་སུ་མྱངས།

པར་འདི་ནི་བོད་ལྗོངས་རྟེན་མཛོད་ཁང་དུ་ཡུལ་སྐོར་བས་བཤམ་དངོས་པར་ལེན་པའི་རྣམ་པ་རེད།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་ལོ་ཡིན་པས། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོའི་ས་གནས་ཁག་གི་ཡུལ་སྐོར་བ་བོད་ལྗོངས་སུ་ལྟ་སྐོར་དུ་ཡོང་བའི་ཡིད་དབང་འཕྲོད་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར62ལོན་པའི་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་སྔར་བས་ལངས་གཟུགས་དང་ཕྱོགས་ཡོངས་ནས་རོལ་མྱོང་བྱ་འདོད་ན་རྟེན་མཛོད་ཁང་ནི་གདམ་ག་ཡག་པོ་ཞིག་རེད། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་བོད་ལྗོངས་རྟེན་མཛོད་ཁང་དུ་འཛོམས་པ་དང་བོད་ལྗོངས་རྟེན་མཛོད་ཁང་གིས“མཐོ་སྒང་གྲོང་ཁྱེར་གྱི་མགྲོན་འཕྲད་ཚོམས”ཀྱི་བྱེད་ནུས་འདོན་སྤེལ་བྱ་རྒྱུར་རེ་སྒུག་བྱས་ཡོད། ཡུལ་སྐོར་བ་སྔར་བས་མང་པོར་འདི་ག་བརྒྱུད་ནས་བོད་ཀྱི་རིག་གནས་དང་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུན་ལོན་བྱེད་དུ་འཇུག་དགོས། །
འབྲེལ་ཡོད་འོས་སྦྱོར།