logo

གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའི་རྩོམ་བསྡུའི་གསལ་བརྡ།

རྩོམ་པ་པོ།: ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2025-06-16 ཀློག་གྲངས།:
གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་རྩོམ་བསྡུའི་གསལ་བརྡ།
 
       ༢༠༢༥ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་དང་། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་གཉེར་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡང་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཡིག་གི་ལམ་ནས་འབྲི་བའི་རྩོམ་རིག་གསར་རྩོམ་པའི་སྡེ་ཡིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་བོར་བཟུང་སྟེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་པའི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་གསར་རྩོམ་གནང་དང་གནང་མུས་ཡིན་ཞིང་། གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། དམིགས་བསལ་གྱི་དུས་མཚམས་འདིར། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་དཔྱད་འདེམ་ལས་དོན་ཁག་ད་ཆ་དངོས་སུ་འགོ་འཛུགས་རྒྱུ་ཡིན་པས། བརྩམས་ཆོས་བསྡུ་ལེན་སྐོར་གྱི་གསལ་བརྡ་གཤམ་གསལ་ལྟར།
དང་པོ། འོས་འགན་དང་དམིགས་ཚད།
       ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་དང་མི་དམངས་ལ་ཞབས་འདེགས་མཐའ་གཅིག་ཏུ་ཞུ་བའི་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་རྩོམ་རིག་བརྩམས་ཆོས་ཕུལ་དུ་བྱུང་བ་དག་གཙོ་བོར་འཛིན་པ་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས། ཤང་གྲོང་དར་རྒྱས། སྐྱེ་ཁམས་དཔལ་ཡོན། ཚན་རྩལ་གསར་གཏོད། དཀའ་སྤྱད་འབད་བརྩོན་སོགས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མཚོན་པའི་བརྩམས་ཆོས་གང་མང་གསར་རྩོམ་གནང་ནས། བོད་ཡིག་གི་རྩོམ་པ་པོའི་དཔུང་ཁག་སྔར་ལས་སྟོབས་ཇེ་ཆེར་གཏོང་བ་དང་། གསར་རྩོམ་གྱི་གནས་བབ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བར་སྐུལ་འདེད་གཏོང་དགོས།
གཉིས་པ། རྩ་འཛུགས་སྒྲིག་གཞི།
       གཙོ་གཉེར་ཚན་པ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།
       རིག་གཞུང་ཁྲིད་སྟོན་ཚན་པ། «མི་རིགས་ཀྱི་རྩོམ་རིག»དུས་དེབ་ཁང་།
       འགན་གཉེར་ཚན་པ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྩོམ་སྒྱུར་ཅུས། རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྔ་བ་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས།
       རོགས་གཉེར་ཚན་པ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་། «སྦྲང་ཆར»རྩོམ་སྒྲིག་ཁང་། «གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་། «ཟླ་ཟེར»རྩོམ་སྒྲིག་ཁང་། «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་། «གངས་དཀར་རི་བོ»རྩོམ་སྒྲིག་ཁང་། «སྤང་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་། «སྤང་ལྗོངས»རྩོམ་སྒྲིག་ཁང་།
གསུམ་པ། མ་དངུལ་རོགས་སྐྱོར་ཚན་པ།
       བོད་ལྗོངས་གངས་རྒྱན་ཀུང་སི། རྔ་བའི་ཚོང་ཚོགས།
བཞི་པ། རྩོམ་བསྡུའི་ཁྱབ་ཁོངས།
       སྤྱི་ལོ༢༠༡༥ལོའི་ཟླ་བ༡པོའི་ཚེས༡ནས༢༠༢༤ལོའི་ཟླ་བ༡༢པའི་ཚེས༣༡བར་དུ། བོད་སྐད་ཡིག་ཐོག་ནས་གསར་རྩོམ་གནང་ཞིང་། རྒྱལ་ནང་གི་ཚད་ལྡན་དཔེ་སྐྲུན་ཁང་ཁག་ནས་པར་སྐྲུན་འགྲེམས་སྤེལ་བྱས་པའི་བརྩམས་ཆོས་ཏེ། བརྩམས་སྒྲུང་རིང་གྲས་དང་། བརྩམས་སྒྲུང་འབྲིང་ཐུང་ཕྱོགས་བསྒྲིགས། སྙན་ཞུའི་རྩོམ་རིག་རིང་གྲས། སྙན་ངག་གམ་ལྷུག་རྩོམ་སྙན་ངག ལྷུག་རྩོམ་བཅས་ཚུད་ཡོད།
ལྔ་པ། བརྩམས་ཆོས་ཀྱི་བླང་བྱ།
       གཅིག འགྲན་ཞུགས་བརྩམས་ཆོས་ཁག་དུས་རབས་གསར་པའི་སྙིང་སྟོབས་མཚོན་པ་དང་། མི་དམངས་ཀྱིས་ཐུན་མོང་སྒོས་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་འཚོ་བ་གསར་པ་སྐྲུན་བཞིན་པའི་སྙིང་སྟོབས་མཚོན་པ། ཡར་ཐོན་དང་ཡར་སྐུལ་གྱི་བསམ་བློས་ཕྱུག་ཅིང་། བརྗོད་བྱ་ཁ་གསལ་ལ་གོ་བདེ་བ་དང་རྗོད་བྱེད་ཚིག་སྦྱོར་སྙན་ཞིང་འཇེབས་པ། སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་ཕུན་སུམ་ཚོགས་ཤིང་། མི་རྣམས་ཀྱི་ཡིད་དབང་འགུགས་ཐུབ་པའི་བརྩམས་ཆོས་ཤ་སྟག་ཡིན་དགོས།
       གཉིས། བརྩམས་ཆོས་ཁག་མི་སྒེར་གྱིས་བོད་སྐད་ཡིག་ཐོག་ནས་གསར་རྩོམ་གནང་བའི་རྩོམ་ལུས་རྐྱང་པའི་དེབ་གཟུགས་ཚད་ལྡན་དཔེ་སྐྲུན་ཁང་ཁག་ནས་འགྲེམས་སྤེལ་བྱས་པ་ཤ་སྟག་ཡིན་དགོས་པ་ལས། རྩོམ་ལུས་སྣ་མང་གི་ཕྱོགས་བསྒྲིགས་དང་མཉམ་རྩོམ་གྱི་རིགས། བསྒྱུར་རྩོམ་སོགས་དང་ལེན་ཞུ་རྒྱུ་མིན།
       གསུམ། འགྲན་ཞུགས་བརྩམས་ཆོས་ཚར་ལྔ་རེ་དང་། འོས་སྦྱོར་རེའུ་མིག་ལེགས་པར་བྲིས་ནས། ཐོག་མར་རྩོམ་པ་པོ་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། རང་སྐྱོང་ཁུལ་སོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་སམ་རོགས་གཉེར་ཚན་པའི་དུས་དེབ་རྩོམ་སྒྲིག་ཁང་དུ་བསྐུར་དགོས་ཏེ། དེ་ཡང་བོད་རང་སྐྱོང་ལྗོངས་ལ་གཏོགས་པའི་བརྩམས་ཆོས་ཁག«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་ལ་བསྐུར་དགོས་པ་དང་། མཚོ་སྔོན་ཞིང་ཆེན་ལ་གཏོགས་པའི་བརྩམས་ཆོས་ཁག«སྦྲང་ཆར»རྩོམ་སྒྲིག་ཁང་ལ་བསྐུར་དགོས། ཀན་སུའུ་ཞིང་ཆེན་ལ་གཏོགས་པའི་བརྩམས་ཆོས་ཁག«ཟླ་ཟེར»རྩོམ་སྒྲིག་ཁང་ལ་བསྐུར་དགོས། སི་ཁྲོན་ཞིང་ཆེན་ལ་གཏོགས་པའི་བརྩམས་ཆོས་ཁག«གངས་དཀར་རི་བོ»རྩོམ་སྒྲིག་ཁང་ལ་བསྐུར་དགོས། པེ་ཅིང་དང་ཡུན་ནན་ཞིང་ཆེན་ཁོངས་སུ་གཏོགས་པའི་བརྩམས་ཆོས་ཁག«མི་རིགས་ཀྱི་རྩོམ་རིག»བོད་ཡིག་པར་མའི་རྩོམ་སྒྲིག་ཁང་ལ་བསྐུར་དགོས། ཁ་ཤོག་ཐོག་ཏུ“གངས་རྒྱན་རྟགས་མའི་འགྲན་ཞུགས་བརྩམས་ཆོས”ཞེས་མངོན་གསལ་དོད་པོས་བྲི་དགོས་ལ། རྩོམ་པ་པོའི་ངོ་སྤྲོད་དང་འབྲེལ་གཏུག་ས་གནས། དངོས་མིང་དང་སྨྱུག་མིང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། སྦྲག་སྲིད་ཨང་གྲངས་སོགས་རེ་རེ་བཞིན་ཁ་གསལ་བྲི་དགོས་ཤིང་། ས་ཁོངས་དེ་གའི་རྩོམ་པ་པོའི་མཐུན་ཚོགས་སམ་དུས་དེབ་རྩོམ་སྒྲིག་ཁང་གིས་ཐོག་མའི་འོས་འདེམ་ཞུས་རྗེས། དཔྱད་འདེམ་གཞུང་ལས་ཁང་དུ་འོས་སྦྱོར་ཞུ་དགོས་པ་ལས། མི་སྒེར་གྱིས་འོས་སྦྱོར་བྱས་རིགས་མཐའ་དག་དང་ལེན་ཞུ་རྒྱུ་མིན།
       བཞི། དཔྱད་འདེམ་གཞུང་ལས་ཁང་གིས་བར་འདེམ་དུ་འོས་སྦྱོར་ཞུས་པ་རྣམས་གཅིག་གྱུར་སྒོས་ཐོ་འགོད་བྱས་རྗེས། གཞི་ནས་དཔྱད་འདེམ་ཨུ་ལྷན་གྱི་ཁོངས་མིར་ཁག་བགོས་བྱས་ནས་འབུལ་རྒྱུ་དང་། དཔྱད་འདེམ་ཨུ་ལྷན་གྱི་ཁོངས་མི་ཚོས་མཐའ་འདེམ་བྱུང་རྗེས་གསལ་བསྒྲགས་སྤེལ་ཏེ། མཐའ་མའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁག་གཏན་ཁེལ་བྱ་རྒྱུ་ཡིན་ཞིང་། གལ་སྲིད་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་རིགས་ཐོན་ཕྱིན། དཔྱད་འདེམ་གཞུང་ལས་ཁང་ལ་གང་དེའི་བརྩམས་ཆོས་ཀྱི་འགྲན་ཞུགས་ཐོབ་ཐང་མེད་པར་བཟོ་དབང་ཡོད།
       ལྔ། རྩོམ་པ་པོ་རེ་རེས་བརྩམས་ཆོས་གཅིག་རེ་མ་གཏོགས་འོས་སྦྱོར་བྱ་མི་ཆོག་པ་དང་། འོས་སྦྱོར་རེའུ་མིག་དང་བརྩམས་ཆོས་ཀྱི་མ་རྩོམ་ཉར་ཚགས་ཡག་པོ་བྱ་དགོས་ཤིང་། དཔྱད་འདེམ་གཞུང་ལས་ཁང་དུ་བསྐུར་ཟིན་པའི་བརྩམས་ཆོས་ཁག་ཕྱིར་སློག་བྱ་རྒྱུ་མིན།
       དྲུག འགྲན་ཞུགས་བརྩམས་ཆོས་ལ་བཤུ་འབྲི་བྱས་པའི་སྣང་ཚུལ་ཡོད་མི་རུང་། གཙོ་གཉེར་ཚན་པས་བརྩམས་ཆོས་གསར་རྩོམ་གྱི་བདག་དབང་ལ་རྩོད་གཞི་བྱུང་བར་ཁྲིམས་འགན་འཁུར་རྒྱུ་མིན།
       བདུན། འགྲན་ཞུགས་བརྩམས་ཆོས་བསྡུ་མཚམས་འཇོག་པའི་དུས་ཚོད་ནི། ཟླ་བ་བདུན་པའི་ཚེས༡༥བར་ཡིན།
དྲུག་པ། བྱ་དགའི་རིགས།
       བརྩམས་སྒྲུང་རིང་གྲས་གཅིག སྙན་ཞུའི་རྩོམ་རིག་རིང་གྲས་གཅིག བརྩམས་སྒྲུང་འབྲིང་ཐུང་ཕྱོགས་བསྒྲིགས་གཉིས། ལྷུག་རྩོམ་ཕྱོགས་བསྒྲིགས་གཉིས། སྙན་ངག་ཕྱོགས་བསྒྲིགས་གཉིས་བཅས་ཡིན།
བདུན་པ། བྱ་དགའི་དཔྱད་འདེམ།
       ཆེད་ལས་བྱང་ཚད་མཐོ་བའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་དབུ་བརྙེས་ནས་དཔྱད་འདེམ་བྱ་རྒྱུ་དང་། ཟླ་བ་བརྒྱད་པ་ནས་དགུ་པའི་རིང་ལ་དཔྱད་འདེམ་བྱས་ཏེ། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་མཚན་ཐོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བའི་ས་གནས། དུས་ཚོད་བཅས་སྐབས་ཐོག་ཏུ་འབྲེལ་ཡོད་སྨྱན་སྦྱོར་ལམ་ནས་ཡོངས་བསྒྲགས་བྱ་རྒྱུ་ཡིན།

གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་དཔྱད་འདེམ་གཞུང་ལས་ཁང་ནས།
སྤྱི་ལོ༢༠༢༥ལོའི་ཟླ་བ༦པའི་ཚེས༡༢ཉིན།
འབྲེལ་ཡོད་འོས་སྦྱོར།