logo

མ་བུ་མཚོའི་གནའ་ཤུལ་གྱིས་མཚོ་བོད་མཐོ་སྒང་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-06-23 ཀློག་གྲངས།:
       2025ལོའི་ཟླ4པར་བོད་ལྗོངས་ཁང་དམར་རྫོང་གི་མ་བུ་མཚོའི་གནའ་ཤུལ“2024ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི”ནང་བདམས་པ་རེད། ཉེ་ལམ། གསར་འགོད་པ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྩ་འཛུགས་བྱས་པའི“གངས་ལྗོངས་མཆོག་ནོར་མཐོང”ཞེས་པའི་བོད་ལྗོངས་རིག་དངོས་སྲུང་སྐྱོང་བེད་སྤྱོད་གྲུབ་འབྲས་བརྗོད་གཞིའི་དྲིལ་སྒྲོག་བྱ་འགུལ་ནང་ཞུགས་ཏེ། མ་བུ་མཚོའི་གནའ་ཤུལ་སྔོག་འདོན་གྱི་ཡུལ་དངོས་སུ་འཚམས་འདྲི་སོང་།
པར་འདི་ནི་ཟླ5པའི་ཚེས22ཉིན་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་སྣེ་འཁྲིད་མཁན་ཤར་རྒན་དབང་འདུས་ཀྱིས་སྔོག་འདོན་གནས་ཚུལ་མཚམས་སྦྱོར་བྱེད་པའི་རྣམ་པ་རེད།
       ཁང་དམར་རྫོང་ཀ་ལ་ཤང་འདི་ཉིད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་ཤིང་། གནའ་ཤུལ་ཀ་ལ་ཤང་སྲིད་གཞུང་གནས་ཡུལ་གྱི་ཤར་བྱང་ཁུལ་ཏེ་མ་བུའི་མཚོའི་འགྲམ་རྒྱུད་དུ་ཁྱབ་ཡོད། འདི་གར་ས་བབ་མཐོ་ཚད་སྨི4400ལྷག་ཡོད་པས་དེ་ནི་མིག་སྔའི་བར་བོད་ལྗོངས་ས་ཁུལ་དུ་གསར་རྙེད་བྱུང་བའི་ས་བབ་མཐོ་ཤོས་ཀྱི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་མཚེའུ་འགྲམ་གནའ་ཤུལ་ཞིག་ཡིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། 2020ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་དང་ལན་ཀྲོའུ་སློབ་ཆེན་སོགས་ལས་ཁུངས་མང་པོར་མཉམ་འབྲེལ་བྱས་ཏེ། བསྟུད་མར་ལོ5རིང་ས་སྟོང་རི་ཐང་དུ་སྔོག་འདོན་ལས་དོན་སྤེལ།
པར་འདི་ནི་ཟླ5པའི་ཚེས22ཉིན་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་སྣེ་འཁྲིད་མཁན་ཤར་རྒན་དབང་འདུས་ཀྱིས་མ་བུ་མཚོའི་གནའ་ཤུལ་དུ་གསར་འགོད་པར་གནའ་རྫས་སྔོག་འདོན་གནས་ཚུལ་མཚམས་སྦྱོར་བྱེད་པའི་རྣམ་པ་རེད།
       ས་འོག་ནས་ཐོན་པའི་ཤུལ་རྫས་ཀྱི་ལོ་ཚོད་རྩིས་བྱས་པར་གཞིགས་ན། ཚན་རིག་ཞིབ་འཇུག་ཚོགས་པས་གསར་རྙེད་བྱུང་བའི་གནའ་ཤུལ་ད་ལྟའི་བར་ལོ་ངོ5000ཡས་མས་སུ་ཁུངས་འདེད་བྱས་ཆོག ཤུལ་རྫས་དེ་དག་གིས་རྡོ་ཆས་གསར་བའི་དུས་སྐབས་ཀྱི་དུས་མཇུག་ནས་དུས་སྔ་མའི་ལྕགས་རིགས་དུས་སྐབས་ཀྱི་བརྒྱུད་མའི་འཕེལ་རྒྱས་དང་རིམ་འགྱུར་མངོན་ཡོད་ཅིང་། ལོ་ངོ3000ལྷག་གི་བརྒྱུད་མའི་འཕེལ་རྒྱས་ལོ་རྒྱུས་དེ་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནའ་རྫས་རྟོག་ཞིབ་ཁྲོད་ཐོག་མར་གསར་རྙེད་བྱུང་བ་ཡིན།
པར་འདི་ནི་ཟླ4པའི་ཚེས23ཉིན་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་སྣེ་འཁྲིད་མཁན་ཤར་རྒན་དབང་འདུས་ཀྱིས“2024ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི”དཔྱད་འདེམས་ཚོགས་འདུའི་ཡུལ་དངོས་སུ་ཆེད་མཁས་པ་དང་སྨྱན་སྦྱོར་པར་མ་བུ་མཚོའི་གནའ་ཤུལ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱེད་པའི་རྣམ་པ་རེད།
       གནའ་རྫས་རྟོག་ཞིབ་པས་བལྟས་ན། མ་བུ་མཚོའི་གནའ་ཤུལ་གྱི་དུས་ཐེངས་གཉིས་པ་དང་གསུམ་པའི་རིག་གནས་རྣམ་པ་དེ་རྙེད་ཟིན་པའི་གནའ་ཤུལ་གཞན་དག་དང་མངོན་གསལ་གྱི་ཁྱད་པར་ཡོད་པ་དང་། དེའི་རྣམ་པ་གསར་རྐྱང་གི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཞིག་སྟེ“མ་བུ་མཚོའི་རིག་གནས”ཞེས་པ་མཚོན་ཡོད། གསར་རྙེད་གལ་ཆེན་དེ་ནི་བོད་ལྗོངས་ཀྱི་ཁ་རུབ་གནའ་ཤུལ་སོགས་ཀྱི་རྗེས་སུ་ས་ཁུལ་དེར་གསར་རྙེད་བྱུང་བའི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་ལམ་ཚད་རྡོ་རིང་གཞན་ཞིག་རེད།
འདི་ནི་ཟླ5པའི་ཚེས22ཉིན་མ་བུ་མཚོའི་གནའ་ཤུལ་གྱིIཁུལ་དུ་པར་བླངས་པའི་ལྷོ་རྒྱུད་རི་ལྡེབས་ཀྱི་དུས་ཐེངས་གཉིས་པའི་དུར་ཁྲོད་གནའ་ཤུལ་རེད།
       མ་བུ་མཚོའི་གནའ་ཤུལ་ནི་བོད་ལྗོངས་ཀྱི་དབུས་རྒྱུད་ས་ཁུལ་དུ་གསར་རྙེད་བྱུང་བ་དང་ད་ལྟའི་བར་ལོ་ངོ4000ལྷག་ཡོད་པའི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་གནའ་ཤུལ་དང་པོ་ཡིན་པས། ཡི་གེ་མ་བྱུང་གོང་གི་བོད་ལྗོངས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་གོ་རིམ་འཛུགས་རྒྱུར་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། ད་དུང་ཀྲུང་གོའི་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་དང་ཀྲུང་ཧྭའི་རིག་གནས་སྣ་མང་གཞི་གཅིག་ཅན་ཆགས་པར་ཡིད་རྟོན་རུང་བའི་བདེན་དཔང་མཁོ་འདོན་བྱས་ཡོད།
འདི་ནི་ཟླ5པའི་ཚེས22ཉིན་པར་བླངས་པའི་མ་བུ་མཚོའི་གནའ་ཤུལ་གྱི་དུས་ཐེངས་བཞི་བའི་ས་ངོས་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་ཡུལ་དངོས་རྣམ་པ་རེད།
འདི་ནི་ཟླ5པའི་ཚེས22ཉིན་པར་བླངས་པའི་མ་བུ་མཚོའི་འགྲམ་རྒྱུད་དུ་གནས་པའི་གནའ་ཤུལ་གྱི་དུས་ཐེངས་བཞི་བའི་ས་ངོས་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་ཡུལ་དངོས་རྣམ་པ་རེད།
པར་འདི་ནི་མ་བུ་མཚོའི་གནའ་ཤུལ་གྱི་དུས་ཐེངས་སོ་སོའི་དཔེ་མཚོན་གྱི་དུར་ཁྲོད་དང་རྫ་ཆས་ཁྱད་རྟགས་རེད།
པར་འདི་ནི་མ་བུ་མཚོའི་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་དུས་ཐེངས་གཉིས་པའི་དཔེ་མཚོན་རྫ་ཆས་རེད།
པར་འདི་ནི་མ་བུ་མཚོའི་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་ཤུལ་རྫས་རེད།
འབྲེལ་ཡོད་འོས་སྦྱོར།