བོད་ལྗོངས་ཀྱིས་ལོ་རྒྱུས་ཡིག་ཚགས་མྱུར་སྐྱོབ་ལས་གྲྭ་འགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2025-06-26
ཀློག་གྲངས།:
ཉེ་ཆར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས“ལོ་རྒྱུས་ཡིག་ཚགས་ཉམས་གསོ་རྣམ་གྲངས”འགོ་བཙུགས་ནས། ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ཡོད། ཡིག་ཚགས་དེ་དག་སྔ་ཤོས་ལ་ཡང1304ལོའི་བར་ཁུངས་སྐྱེལ་ཆོག་ལ་ད་བར་ལོ720ལྷག་ཙམ་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་བགྲོད་ལམ་ཟིན་ཐོར་བཀོད་ཡོད་པས། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་དོན་དངོས་ཀྱི་ར་སྤྲོད་བྱས་ཡོད།

ཡིག་ཚགས་འགའ་ཤས་ཉམས་གསོ་མ་བྱས་གོང་དང་བྱས་ཚར་རྗེས་བསྡུར་བ་བཏང་ཡོད་པ།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལོ་རྒྱུས་ཡིག་ཚགས་ཉམས་གསོ་བྱེད་པ་དེ་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཡིག་ཚགས་མྱུར་སྐྱོབ་ཅིག་རེད། ཉམས་གསོའི་ལས་དོན་ཚན་རིག་དང་མཐུན་པར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་བཙུགས་པའི་ཆེད་དོན་ལས་དོན་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད«ཡིག་ཚགས་མྱུར་སྐྱོབ་ཉམས་གསོའི་རྣམ་གྲངས་རིགས་པས་ཁུངས་སྐྱེལ་གྱི་སྙན་ཞུ»བཟོས་ནས། སྲོལ་རྒྱུན་གྱི་ལག་རྩལ་སྤྱད་ཏེ“ཐེ་གཏོགས་ཆུང་ཤོས”ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། ཟླ་བ12ཡི་དུས་ཡུན་ནང་དུ་ཡིག་ཚགས་ཀྱི་ཤོག་གྲངས7000ལས་མི་ཉུང་བ་ཞིག་ཉམས་གསོ་ལེགས་སྒྲུབ་ཐུབ་པའི་འཆར་གཞི་ཡོད། ཉམས་གསོ་དོ་དམ་ཐད། གཙབ་རལ་དུ་སོང་བའི་ཡིག་ཚགས་ཚང་མར་གྲངས་འཛིན་ཅན་གྱི་རྩིས་ཐོ་བཟོས་ནས། ཡིག་ཚགས་ཨང་གྲངས་དང་། སྐྱོན་བྱུང་ཚད། ཉམས་གསོའི་ཇུས་གཞི་བཅས་བཀོད་ནས་བརྒྱུད་རིམ་ཡོངས་ལ་ཁུངས་འདེད་དོ་དམ་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག མིས་འགོག་སྲུང་དང་། དངོས་པོའི་འགོག་སྲུང་། སྤུས་ཚད་འགོག་སྲུང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ནས། “ཞིབ་བཤེར་གསུམ”གྱི་ལམ་ལུགས་ཏེ“ལས་སྒྲུབ་ཚོགས་ཆུང་གི་རང་ངོས་ཞིབ་བཤེར་དང་། ཆེད་དོན་ལས་དོན་ཚོགས་ཆུང་གི་ཆེད་དོན་ཞིབ་བཤེར། གཞུང་ཕྱོགས་ཀྱི་མཐའ་མའི་ཞིབ་བཤེར”དོན་འཁྱོལ་བྱས་ནས་ཡིག་ཚགས་སྐྱོན་བྲལ་དང་ཉམས་གསོའི་སྤུས་ཚད་འགན་ལེན་བྱ་རྒྱུ་རེད།

རྒྱལ་ཡོངས་ཡིག་ཚགས་ཉམས་གསོ་བ་ཟླ་སྒྲོན་གྱིས་ཡུལ་དངོས་སུ་སློབ་ཁྲིད་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཉམས་གསོ་རྣམ་གྲངས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། “ཡིག་ཚགས་ཉམས་གསོ·ཏང་ཡོན་གྱིས་སྔོན་དུ་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་བརྒྱུད་ཚན་པའི་ནང་མི་གསར་དུ་བསྡུས་པར་མ་ཟད་ཉམས་གསོའི་ལས་ཀར་ཞུགས་མ་ཐག་པའི་ན་གཞོན་ཏང་ཡོན2ལ་དུས་ཡུན་ཟླ་བ3རིང་དུ“ལས་ཀ་བྱེད་ཞོར་དུ་སློབ་སྦྱོང་བྱེད”ཅེས་པའི་ཡིག་ཚགས་ཉམས་གསོའི་ལས་སྒོའི་དངོས་སྦྱོང་གསོ་སྦྱོང་བྱ་རྒྱུ་དང་། ཆབས་ཅིག་རྣམ་གྲངས་ལག་བསྟར་མ་བྱས་གོང་ཡིག་ཚགས་ཉམས་གསོའི་ལག་རྩལ་རྐང་འཛིན་སྒྲིག་འཛུགས་བྱས་ནས་ཕྱིར་འགན་གཙང་སྤྲས་པའི་ཞབས་ཞུ་ཀུང་སིས་གསར་དུ་གདན་ཞུ་བྱས་པའི་ཉམས་གསོའི་མི་སྣར་ལས་ཀར་མ་ཞུགས་གོང་གི་རྩལ་ནུས་གསོ་སྦྱོང་བྱས་ཏེ། ཉམས་གསོའི་རྩལ་ནུས་དང་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ནས་ལོ་རྒྱུས་ཡིག་ཚགས་ཉམས་གསོའི་རྣམ་གྲངས་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

ཉམས་གསོའི་ལས་ཀ་བྱ་ཡུལ།
འབྲེལ་ཡོད་འོས་སྦྱོར།