logo

མངའ་རིས་ནས་གནའ་རབས་ཞང་ཞུང་དང་འབྲེལ་བའི་ཚ་ཚ་ཁག་གཅིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2025-09-16 ཀློག་གྲངས།:
       ཉེ་ཆར། “ས་མཐོའི་དར་གོས་ལམ་བུའི་ལོ་རྒྱུས་རིག་གནས་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པའི”ཐོག་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུན་དགའ་ཡེ་ཤེས་ཀྱིས«མངའ་རིས་སྤུ་ཧྲེང་རྫོང་རི་ཁུག་གྲོང་ཚོ་ནས་རྙེད་པའི་བོན་གྱི་ཚ་ཚའི་བཟོ་བཀོད་སྒྱུ་རྩལ་ཞིབ་འཇུག»ཅེས་པའི་སྙན་ཞུ་སྤེལ་བར་ཀུན་གྱིས་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད།
       2024ལོའི་ཟླ8པར། མངའ་རིས་ས་ཁུལ་འབྲེལ་ཡོད་སྡེ་ཚན་གྱིས་ཞང་ཞུང་རིག་གནས་དང་། དམངས་སྲོལ་ཞིབ་འཇུག དེ་བཞིན་བོད་ཀྱི་མཛེས་རྩལ་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། སྤུ་ཧྲེང་རྫོང་དུ་སྔ་རབས་ཀྱི་ལོ་རྒྱུས་རིག་གནས་ལ་བརྟག་དཔྱད་བྱེད་པར་བསྐྱོད་ཅིང་། སྤུ་ཧྲེང་གྲོང་རྡལ་ཁོངས་ཀྱི་ཞིག་རོ་ཞིག་ནས་རིགས་གཅིག་མཁས་ཅན་ཚོགས་པས་སྔ་རབས་ཀྱི་ཚ་ཚ་ཁག་གཅིག་རྙེད་པ་རེད། ཚ་ཚ་འདི་དག་ནང་མཆོད་རྟེན་དང་། གཟུངས་སྔགས། ཡུལ་ལྷ་སོགས་ཀྱི་འཇིམ་བརྙན་ཡོད་པ་དང་། བཟོ་རྩལ་ལ་དཔར་བཏབ་པ་དང་ལུགས་བརྒྱབ་པ་རིགས་གཉིས་ཡོད། དེའི་བརྗོད་བྱ་དང་། ཡི་གེའི་ནང་དོན། བཟོ་རྩལ་གྱི་ཁྱད་ཆོས་བཅས་ལ་བརྟག་ན། ཚ་ཚ་དེ་དག་སྔ་རབས་བོན་གྱི་རིག་གནས་ཤུལ་བཞག་ཡིན་པ་གཏན་འཁེལ་རགས་ཙམ་ཐུབ་ཡོད་པ་རེད།
       ཚ་ཚ་དེ་དག་ལས་མངའ་རིས་ས་ཁུལ་གྱི་ཞང་ཞུང་གི་ལོ་རྒྱུས་རིག་གནས་ཀྱི་རིམ་འགྱུར་གོ་རིམ་མངོན་པ་མ་ཟད། ཞང་ཞུང་དང་། སྤུ་ཧྲེང་། གུ་གེ་བཅས་ཀྱི་མཐའ་འཁོར་ས་ཁུལ་གྱི་རིག་གནས་སྤེལ་རེས་ལ་ཤེས་རྟོགས་བྱེད་པར་དངོས་པོའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད། མིག་སྔར་ཤེས་རྟོགས་བྱུང་བའི་བོད་ཀྱི་ཚ་ཚ་སྔ་ཤོས་མངའ་རིས་ས་ཁུལ་ནས་རྙེད་ཅིང་། ད་ཐེངས་རྙེད་པའི་བོན་གྱི་ཚ་ཚ་དེ་དག་གི་ལོ་རྒྱུས་དེ་ལས་རིང་བ་ཡོད་སྲིད་པ་དང་། ཚ་ཚ་དེ་དག་སྤྱི་ལོའི་དུས་རབས11གོང་གི་ཡིན་པ་དང་། ཐ་ན་སྔ་དུས་ཕྱི་ནས་དར་བའི་ཚ་ཚ་དང་ཡང་འབྲེལ་བ་ཡོད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།