logo

ཡུལ་ཤུལ་གྱི་གླིང་སྒྲུང་གི་གཞི་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-11-12 ཀློག་གྲངས།:
ཡུལ་ཤུལ་ཁུལ་གྱི་གླིང་སྒྲུང་གྱེར་བཤད་མྱུར་སྐྱོབ་ཀྱི་སྨྱན་མང་གཞི་གྲངས་འཛུགས་སྐྲུན་བྱ་བའི་ལས་རིམ་དང་པོ་ལེགས་འགྲུབ་བྱུང་བ།
 
       ཉེ་ཆར། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གླིང་སྒྲུང་ལས་གཞི་གཞུང་ལས་ཁང་དང་ཡུལ་ཤུལ་ཁུལ་གེ་སར་སྒྲུང་ཞིབ་འཇུག་སློབ་ཚོགས་ལས་རྒྱུས་ལོན་པ་ལྟར་ན། ལོ་ངོ་གསུམ་གྱི་རིང་ལ་བསྒྲུབས་པའི་ཡུལ་ཤུལ་ཁུལ་གྱི་གླིང་སྒྲུང་གྱེར་བཤད་མྱུར་སྐྱོབ་ཀྱི་སྨྱན་མང་གཞི་གྲངས་འཛུགས་སྐྲུན་བྱ་བའི་ལས་རིམ་དང་པོ་ལེགས་འགྲུབ་བྱུང་ནས་ཆེད་མཁས་པའི་ཞིབ་བཤེར་རྩིས་ལེན་ཐོབ།
       གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་པའི་མིང་ཐོ་དང་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་པའི་མིང་ཐོ་རུ་ཚུད་འདུག །དུས་ཡུན་རིང་པོར་འཛིན་སྐྱོང་སྤེལ་གསུམ་བརྒྱུད་ནས་འཛམ་གླིང་ན་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་རྣམ་པ་གསོན་པོའི་ཚུལ་དུ་གནས་ཡོད། ཡུལ་ཤུལ་ཁུལ་གྱིས་མ་ལག་ཅན་གྱི་སྒོ་ནས་གླིང་སྒྲུང་གི་ཕུན་སུམ་ཚོགས་པའི་གྱེར་བཤད་སྒྱུ་རྩལ་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན་སོགས་བྱེད་ཆེད། སྨྱན་མང་གཞི་གྲངས་འཛུགས་སྐྲུན་གྱི་ཐབས་ལམ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ལས་གཞི་འགོ་བརྩམས་ཏེ། ལས་རིམ་དང་པོའི་བྱ་བ་ལེགས་འགྲུབ་བྱུང་ཡོད།
       འབྲེལ་ཡོད་མཚམས་སྦྱོར་ལྟར་ན། ཡུལ་ཤུལ་ཁུལ་གྱི་མིང་དུ་གྲགས་པའི་སྒྲུང་པ་ངག་དབང་དགེ་ལེགས་ཀྱིས་འགན་གཅིག་ལྕོག་དང་། གླིང་སྒྲུང་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་ནོར་བུ་དབང་ལྡན་སོགས་འབྲེལ་ཡོད་མི་སྣས་མཛུབ་སྟོན་གནང་བ་སོགས་ཀྱིས་ལས་ཀ་འདི་བདེ་བླག་ངང་འགྲུབ་པར་རིག་གཞུང་གི་རྨང་གཞི་བརྟན་པོ་བཞག །
       ལས་གཞི་འདིའི་སྒྲུང་པ་འདེམ་གསེས་ཀྱི་ཐད་ནས། ཆེད་ལས་ཅན་དང་སྣ་མང་ཅན་རིགས་གཉིས་སུ་འདུས་པའི་སྒྲུང་པ122གྱེར་བཤད་ཀྱི་ལས་ཀར་ཞུགས་ཡོད། དེ་ཁྲོད་དུ་ཡུལ་ཤུལ་ཁུལ་གྱི་སྒྲུང་པ20དང་། མདོ་དབུས་ཁམས་གསུམ་སོགས་ས་ཆ་གཞན་གྱི་སྒྲུང་པ102ཡོད། དེ་ལས་དགུང་ལོ་ཆེས་མཐོ་བ86དང་ཆེས་ཆུང་བ་ལོ6ཅན་ཡིན་ཞིང་། གླིང་སྒྲུང་གྱེར་བཤད་སྒྱུ་རྩལ་གྱི་ལོ་ཚད་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།
       རྒྱུས་ལོན་པ་ལྟར་ན། ལས་རིམ་དང་པོའི་གྲུབ་འབྲས་ཀྱི་ཐད་ནས། མདོ་དབུས་ཁམས་ཀྱི་སྒྲུང་པ122ཀྱིས་རང་རང་གི་ཁྱད་ཆོས་མི་འདྲ་བའི་སྒོ་ནས་ལྷ་གླིང་གབ་ཙེ་དགུ་སྐོར་དང་། གླིང་དཀར་གསལ་བའི་མེ་ལོང་། འཁྲུངས་གླིང་མེ་ཏོག་ར་བ། རྟ་རྒྱུག་དཔྱིད་ཀྱི་ཉི་མ། ཧོར་གླིང་གཡུལ་འགྱེད། གོ་ར་ཚ་རྫོང་། རྒྱ་གར་ཆོས་རྫོང་། གངས་རི་ཤེལ་རྫོང་། ཞང་ཞུང་མུ་ཏིག་རྫོང་སོགས་སྒྲུང་དཔེ23གྱི་ཡིག་གྲངས་ཁྲི310ལྷག་གྱེར་བཤད་བྱས་ཡོད་པས། ལོ་རྒྱུས་སྙན་རྩོམ་རིང་མོ་སྲུང་སྐྱོབ་དང་། རྒྱུན་འཛིན། ཞིབ་འཇུག་སོགས་ཐད་ལ་དངོས་དཔང་གི་རིན་ཐང་ལྡན་པའི་ཐོག་མའི་དཔྱད་གཞིའང་འདོད་སྤྲོད་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།