ཕོ་བྲང་པོ་ཏཱ་ལ་ནས་འབུ་སྲིན་གསར་པ་ཞིག་རྙེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཇོ་རིའི་འཕྲིན་སྟེགས།
དུས་ཚོད།:2025-12-26
ཀློག་གྲངས།:
ཉེ་ཆར། ཚན་ཞིབ་མི་སྣས་འཛམ་གླིང་རིག་གནས་ཤུལ་བཞག་སྟེ་བོད་ལྗོངས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་ཤིང་གི་གྲུབ་ཆའི་འཛུགས་སྐྲུན་ཁྲོད་འབུ་སྲིན་གྱི་རིགས་གསར་པ་ཞིག་རྙེད་པ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་དུས་དེབ་ཐོག་བཀོད་པ་དེས། རང་རྒྱལ་གྱིས་འབུ་སྲིན་གཤོག་ཅན་ཞིབ་འཇུག་དང་། ལྷག་པར་དུ་རིག་གནས་ཤུལ་བཞག་ཁུལ་གྱི་སྐྱེ་དངོས་ཐོན་ཁུངས་བརྟག་དཔྱད་དང་མ་ལག་རིགས་དབྱེ་ཞིབ་འཇུག་ཐད་འཕེལ་རྒྱས་གསར་པ་བྱུང་བ་མཚོན་ཡོད།

གྲུབ་འབྲས་དེ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རོགས་སྐྱོར་བྱས་པ་དང་། པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་དང་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ། ཕོ་བྲང་པོ་ཏཱ་ལ་དོ་དམ་ཁྲུའུ་བཅས་ཚན་པ་ལས་གྲུབ་པའི༼བོད་ལྗོངས་གནའ་བོའི་འཛུགས་སྐྲུན་ཕོ་བྲང་པོ་ཏཱ་ལའི་ཤིང་ཆས་འབུ་འགོག་ལག་རྩལ་ཞིབ་འཇུག༽རྣམ་གྲངས་ཚོགས་ཆུང་གི་ཚན་ཞིབ་མི་སྣས་མཉམ་འབྲེལ་ཐོག་ལེགས་པར་སྒྲུབ་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཚོགས་པས་ཕོ་བྲང་པོ་ཏཱ་ལར་ཚན་རིག་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་། འབུ་སྲིན་གཤོག་ཅན་གྱི་མ་དཔེ་ཁག་ཅིག་འཚོལ་བསྡུ་བྱས་ཤིང་། བརྒྱུད་རིམ་ལྡན་པའི་རྣམ་པ་རིག་པའི་ཞིབ་བསྡུར་དང་གཤགས་ལས་རིག་པའི་ལྟ་ཞིབ་བྱས་པར་མ་ཟད། དེང་རབས་ཀྱི་འདུས་རྡུལ་སྐྱེ་དངོས་རིག་པའི་བྱ་ཐབས༼DNAདབྱིབས་ཨང་ལག་རྩལ༽དང་ཟུང་སྦྲེལ་བྱས་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་མཐར། དམར་དཔེ་འདིས་སྔོན་ལ་ཚན་རིག་གིས་ཐོ་འགོད་བྱས་མེད་པའི་ཁྱབ་ཁོངས་གསར་པ་དང་འབུ་སྲིན་རིགས་ཡོད་པ་གཏན་འཁེལ་བྱས་ཡོད།

པོ་ཏཱ་ལ་ལྷ་ས་ཤིང་འབིགས་འཚོ་སྡོད་བྱེད་སའི་ཁོར་ཡུག a.འབུ་ཁུང་། b.བཟའ་ཟླ་འཚོལ་བཞིན་པ། c. འབུ་ཕྲུག་གི་ལམ་དང་འབུ་ཕྲུག
རྣམ་གྲངས་ནང་ཞུགས་མཁན་ཞིག་ཡིན་པའི་ངོས་ནས་གཙོ་བོ་འབུ་སྲིན་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་། དངོས་རིགས་གསལ་འབྱེད་ལས་དོན་གྱི་འགན་འཁུར་མཁན་འབུམ་རམས་པ་ཀྲོའུ་ཞོན་གྱིས་གསར་འགོད་པར་ལྷ་ས་ཤིང་འབིགས། ༼Lhasella༽ཞེས་མིང་བཏགས་པ་དང་། དེའི་དཔེ་དབྱིབས་ཐོན་ཡུལ་ལྷ་ས་ནས་ཡིན་ལ། རིགས་གསར་པ་དེ་ལ་པོ་ཏཱ་ལ་ལྷ་ས་ཤིང་འབིགས༼Lhasella་potala༽ཞེས་མིང་བཏགས་པ་དང་། རིགས་གསར་པའི་མིང་ལpotalaཞེས་བཏགས་ནས་ཕོ་བྲང་པོ་ཏཱ་ལ་ནས་བྱུང་པ་མཚོན་ཞིང་། དེ་བས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་རིག་གནས་ཤུལ་བཞག་འདིར་གུས་བ་ཞུ་རྒྱུ་ཡིན། དུས་མཚུངས་སུ་ཚན་རིག་ཞིབ་འཇུག་ཚོགས་པས་སྐྱེ་དངོས་རིགས་འདི་ལ༼པོ་ཏཱ་ལ་ལྷ་ས་ཤིང་འབིགས༽ཞེས་བོད་ཡིག་གི་མིང་བཏགས་པ་རེད།

པོ་ཏཱ་ལ་ལྷ་ས་ཤིང་འབིགས། a.ཕོ་རིགས་ཀྱི་མ་དཔེ་སྤྱིའི་རྒྱབ་ངོས། b.ཕོ་རིགས་ཀྱི་མ་དཔེ་སྤྱིའི་ཕོ་བའི་ངོས། c.ཕོ་རིགས་ཀྱི་སྐྱེ་འཕེལ་མ་ལག d.ཕོ་རིགས་ཀྱི་མགོ་བོའི་གཡས་ཕྱོགས། e.ཕོ་རིགས་ཀྱི་རྭ་ཅོ་གཡས་པ། f.མོ་རིགས་ཀྱི་གཡས་ཕྱོགས་རྭ་ཅོ། g.ཕུབ་ཆུང་། བསྡུར་ཚད་ཧའོ་སྨི་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། པོ་ཏཱ་ལ་ལྷ་ས་ཤིང་འབིགས་གཟུགས་གཞི་ཅུང་ཆུང་བ་དང་ལུས་མདོག་དམར་སྨུག་ཡིན་ཞིང་། གཟུགས་པོའི་རིང་ཚད་ལ་ཧའོ་སྨི༤.༨ནས༦.༩ཙམ་ཡོད་པ་རེད། དེའི་ཆེས་གལ་ཆེ་བའི་གསལ་འབྱེད་ཀྱི་ཁྱད་ཆོས་ནི་རྭ་ཅོ་གྲུབ་ཚུལ་ཡིན་པ་སྟེ། རྭ་ཅོ་ལ་ཁྱོན་བསྡོམས་ས་བཅད༡༡ཡོད་པ་དང་། ས་བཅད༥པ་དང་ས་བཅད༧པའི་བར་ཅུང་འབུར་དུ་ཐོན་པའི་སོག་ལེའི་སོ་དབྱིབས་མངོན་གསལ་དོད་ཅིང་། མཇུག་སྣེ་ས་བཅད་གསུམ་པ་ནི་ཕྲ་ཞིང་རིང་བའི་དར་སྐུད་ཀྱི་རྣམ་པ་མངོན་ཡོད། རྭ་ཅོ་རྣམ་པ་འདིའི་རིགས་ཁོངས་གཏོགས་ཀྱི་གནོད་འབུ་ཚན་ཁག་ཁྲོད་ཧ་ཅང་མཐོང་དཀོན་པ་དང་། ཞིབ་འཇུག་ཚོགས་པས་རིགས་ཁོངས་གསར་པ་གཏན་འཁེལ་བྱེད་པའི་ཚན་རིག་གི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། གཞན་སྐྱེ་དངོས་རིགས་འདི་ལ་ཡ་གླིང་གི་སྐྱེ་དངོས་རིགས་མང་པོ་ཞིག་གི་རྒྱུན་མཐོང་ཚེག་བརྐོས་ཡོད་ལ། ཁྱད་པར་དུ་ཁྱད་ཆོས་འདིས་ཡང་དག་པའི་སྒོ་ནས་དབྱེ་འབྱེད་བྱེད་པར་གཞི་འཛིན་ས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད།

འབུམ་རམས་པ་ཀྲོའུ་ཞོན་གྱིས་ད་ཡོད་བརྟག་དཔྱད་གྲངས་གཞིར་གཞིགས་ན། རིགས་གསར་པ་དེ་གཙོ་བོ་ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་ཁ། དེ་བཞིན་ལྷ་སའི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་འཛུགས་སྐྲུན་ཁག་ཅིག་གི་ཤིང་གི་གྲུབ་ཆའི་ནང་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། སྐྱེ་དངོས་རིགས་འདི་ལོ་གཅིག་ལ་རབས་གཅིག་བྱུང་བ་དང་། དེ་ནི་འབུ་མ་སྲིན་གྱི་ཁོངས་སུ་གཏོགས་ཤིང་དེའི་འབུ་ཕྲུག་ལ་ཆུང་ནས་ཤིང་ཆ་ཟ་བའི་གོམས་གཤིས་ཡོད་ཅིང་། ཐེངས་འདིའི་གནས་ཚུལ་ཤེས་རྟོགས་བྱུང་བ་དེས་ང་ཚོས་ཕོ་བྲང་པོ་ཏཱ་ལ་སོགས་གནའ་བོའི་འཛུགས་སྐྲུན་མ་ལག་གི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། སླད་ཕྱིན་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་དངོས་ཀྱི་བསླད་སྐྱོན་ཉེན་ཁར་དཔྱད་དཔོག་དང་། ཤིང་གི་རིག་གནས་ཤུལ་བཞག་ལ་སྐྱེ་དངོས་ཤུགས་རྐྱེན་མི་ཕོག་པར་ཞིབ་འཇུག་བྱེད་པ་སོགས་ལ་རྨང་གཞིའི་གྲངས་གཞི་དང་དཔྱད་གཞིའི་དངོས་རིགས་གལ་ཆེན་མཁོ་འདོན་བྱས་ཡོད།

ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས་ཕོ་བྲང་པོ་ཏཱ་ལར་སྐྱེ་དངོས་གསར་པའི་ཁོངས་སུ་གཏོགས་པའི་འབུ་རིགས་ཡོད་པ་ཤེས་རྟོགས་བྱུང་བར་དོན་སྙིང་གཏིང་ཟབ་ལྡན་པར་ངོས་འཛིན་བྱས་ཤིང་། ཚན་རིག་གི་ངོས་ནས་བརྗོད་ན་དེས་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་ངོས་མ་ཟིན་པའི་འཕེལ་འགྱུར་ཐབས་ལམ་ར་སྤྲོད་བྱས་ཡོད། རིག་གནས་ཀྱི་ངོས་ནས་བཤད་ན། དེས་འཛམ་གླིང་གི་རིག་གནས་ཤུལ་བཞག་དེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་ཁམས་མཉམ་དུ་གནས་པའི་མིག་དཔེ་གསོན་པོར་མཐོར་འདེགས་བཏང་ཡོད་པས། དེའི་རིན་ཐང་གི་ནང་དོན་རྒྱ་བསྐྱེད་པ་རེད། སྲུང་སྐྱོང་གི་དོན་སྙིང་ཐད་གསར་རྙེད་དེས་རིག་དངོས་སྲུང་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་མཉམ་དུ་བྱས་ཆོག་པར་དྲན་སྐུལ་བྱས་ནས། འཛམ་གླིང་ཤུལ་བཞག་ཁུལ་གྱི་དོ་དམ་ལ་ལྟ་ཕྱོགས་དང་ལངས་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་འབུ་རིགས་དེ་དུས་ཡུན་རིང་པོའི་ནང་དགོན་སྡེའི་གནའ་བོའི་འཛུགས་སྐྲུན་གྱི་ཤིང་གི་གྲུབ་ཆའི་ནང་འཚོ་སྡོད་བྱེད་ཀྱི་ཡོད་མོད། དེ་རིགས་ཁོངས་གང་དུ་གཏོགས་པ་ད་ལྟའི་བར་གསལ་པོ་ཤེས་ཀྱི་མེད། དེར་བརྟེན། ཞིབ་འཇུག་འདིས་དངོས་རིགས་དེར་གསལ་འབྱེད་གནད་ལ་འཁེལ་བ་བྱས་པ་བརྒྱུད། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་སྐྱེ་དངོས་རིག་པའི་ཞིབ་འཇུག་དང་། ཚན་རིག་དང་མཐུན་པའི་དོ་དམ་ཇུས་ཐག་གཅོད་པར་ཚན་རིག་གི་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་ཅེས་བརྗོད་པ་རེད།

པོ་ཏཱ་ལ་ལྷ་ས་ཤིང་འབིགས། a. མོ་རིགས་ཀྱི་སྤྱིའི་རྒྱབ་ངོས། b མོ་རིགས་ཀྱི་མ་དཔེ་སྤྱིའི་ཕོ་བའི་ངོས། c སྒོ་ང་གཏོང་ཆས། བསྡུར་ཚད་ཧའོ་སྨི་ཡིན།
ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་པའེ་མིང་གིས་ཕོ་བྲང་པོ་ཏཱ་ལ་ལྟ་བུའི་རིག་གནས་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་ཧ་ཅང་མཐོ་བའི་འཛུགས་སྐྲུན་ལ་འབུ་སྲིན་གྱི་རིགས་གསར་པ་ཤེས་རྟོགས་བྱུང་བ་དེའི་ཐོག་ནས། འཛམ་གླིང་ཐོག་ད་དུང་ངོས་འཛིན་ཐུབ་མེད་པའི་སྐྱེ་དངོས་ལྐོག་གྱུར་སྣ་མང་རང་བཞིན་འབོར་ཆེན་གནས་ཡོད་པ་གང་ལེགས་མཚོན་པར་བྱས་ཡོད་ལ། སླད་ཕྱིན་བརྒྱུད་རིམ་ལྡན་པའི་ངང་བརྟག་དཔྱད་བྱས་ན་ཤེས་རྟོགས་བྱ་ཐུབ། གཞན་ཡང་གྲུབ་འབྲས་དེས་རང་རྒྱལ་གྱི་སྡོམ་རིགས་འབུ་སྲིན་གྱི་རིགས་དབྱེ་རིག་པའི་ཞིབ་འཇུག་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། གོ་ལ་ཧྲིལ་པོའི་རིགས་དེའི་དངོས་རིགས་ཀྱི་མིང་ཐོ་འཐུས་སྒོ་ཇེ་ཚང་དུ་གཏང་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ས་བབ་མཐོ་ལ་གསོ་རླུང་ཉུང་བའི་ས་ཁུལ་གྱི་འབུ་སྲིན་འཕེལ་འགྱུར་ལམ་སྲོལ་དང་འཚམ་པ་གསལ་སྟོན་བྱ་རྒྱུར་ཡང་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་བརྗོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་པ་གསར་པའི་མ་དཔེ་དེ་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ་དང་། ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁྲུའུ། དེ་བཞིན་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སོའོ་བཅས་སོ་སོར་ཉར་ཚགས་བྱས་ནས་རྗེས་མཐུད་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་མ་དཔེ་མཁོ་འདོན་བྱས་ཆོག ཞིབ་འཇུག་རུ་ཁག་གིས་མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་དངོས་རིགས་དེའི་སྐྱེ་དངོས་རིག་པའི་ཁྱད་ཆོས་དང་། རིགས་ཚོགས་ཀྱི་འགུལ་རྣམ། གནའ་བོའི་འཛུགས་སྐྲུན་གྱི་ཁོར་ཡུག་བཅས་ཕན་ཚུན་བར་ནུས་པ་ཐོན་པའི་མ་ལག་ལ་ཞིབ་འཇུག་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
