logo

ཧིན་རྡུ་ཉི་ཞི་ཡ་ནས་ལོ་ངོ་ཁྲི6.78སྔོན་གྱི་གནའ་བོའི་བརྐོས་རིས་ཤིག་རྙེད་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-02-04 ཀློག་གྲངས།:
       ཉེ་སྔོན། «རང་བྱུང»དུས་དེབ་སྟེང་སྤེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་སུའུ་ལ་ཝེ་ཞི་རུ་རྙེད་པའི་ལག་མཐིལ་གྱི་པར་རིས་དེ་ཉུང་མཐའ་ཡང་ལོ་ངོ67800ཡི་སྔོན་དུ་ཁུངས་དེད་ཆོག་ལ། དེ་ནི་ད་ལྟའི་བར་དུ་རྙེད་པའི་ཆེས་གནའ་བོའི་བརྐོས་རིས་དེ་ཡིན་སྲིད། གསར་རྙེད་དེས་སྔ་དུས་ཀྱི་མིའི་རིགས་སུའུ་ལ་ཝེ་ཞི་ཡི་བྱང་རྒྱུད་བརྒྱུད་ནས་ས་ཧུའུ་ཨེར(ཨོ་སི་ཁྲུ་ལི་ཡ་དང་ཀུའི་ནེ་ཡ་གསར་པ་གཉིས་སྦྲེལ་བའི་གནའ་བོའི་སྐམ་ས)དུ་གནས་སྤོར་བའི་གཞུང་ལུགས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
ཞིབ་འཇུག་མི་སྣས་བྲག་ཕུག་ཏུ་བྱ་བ་སྒྲུབ་བཞིན་པ། པར་རིས་ཀྱི་ཡོང་ཁུངས་ནི་ཨོ་སི་ཁྲུ་ལི་ཡའི་ཀོ་ལི་ཧྥེ་སི་སློབ་ཆེན་ཡིན།
       བརྐོས་རིས་དེས་གནའ་བོའི་མིའི་རིགས་ཀྱི་གསར་གཏོད་རང་བཞིན་དང་གནས་སྤོར་བྱེད་སྟངས་ལ་ཁུངས་སྣེ་རྩ་ཆེན་འདོན་སྤྲོད་བྱས་ཡོད། ཧིན་རྡུ་ཉི་ཞི་ཡ་ནི་འཛམ་གླིང་གི་བྲག་རིས་སྒྱུ་རྩལ་སྔ་ཤོས་ལས་སྐད་གྲགས་ཆོད་ཡོད་ཅིང་། དེ་སྔོན་སུའུ་ལ་ཝེ་ཞི་ལྷོ་ནུབ་རྒྱུད་དང་ཕོ་ལུའོ་ཀྲོའུ་ཤར་རྒྱུད་ནས་གསར་བསྒྱུར་ས་རབས་ཀྱི་བརྐོས་རིས་རྙེད་པ་རེད། འོན་ཀྱང1977ལོར་བརྐོས་རིས་ཡོད་པའི་གནས་ཚུལ་ཐོག་མར་བསྒྲགས་པ་ནས་བཟུང་། སུའུ་ལ་ཝེ་ཞི་ཤར་ལྷོའི་རྒྱུད་དུ་འཚོལ་ཞིབ་གང་ལེགས་བྱས་མེད།
       སུའུ་ལ་ཝེ་ཞི་ཡི་ཞིབ་འཇུག་གང་ལེགས་མ་བྱས་པའི་ས་ཁུལ་ལ་ཤེས་རྟོགས་གཏིང་ཟབ་བྱེད་ཆེད། ཨོ་སི་ཁྲུ་ལི་ཡའི་ཀོ་ལི་ཧྥེ་སི་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་སུའུ་ལ་ཝེ་ཞི་ཤར་ལྷོའི་བྲག་ཕུག་མང་བོ་ཞིག་ལ་རྟོག་ཞིབ་བྱས་ཏེ། གནའ་ཤུལ44ཟིན་ཐོར་བཀོད་པ་དང་། དེ་ལས་གནས14ནི་དེ་སྔོན་གསལ་ཆ་མེད་པར་མ་ཟད། བྲག་ཕུག་དེ་དག་ལས་རྙེད་པའི་བརྐོས་རིས་ནང་དོན་ཞིབ་བརྗོད་ཀྱང་བྱས། ཁོ་ཚོས་བརྐོས་རིས་ཀྱི་སྟེང་དང་ཞབས་སུ་མཆིས་པའི་ཐཱན་སྐྱུར་ཀལ་གྱི་བསགས་དངོས་ཕྲ་མོ་ལས་མ་དཔེ་བླངས་ཏེ། དབྱེ་འབྱེད་ཚད་མཐོ་བའི་སྐུལ་འོད་བྱེད་ཐབས་སྤྱད་ནས་བརྟག་དཔྱད་བྱས་མཐར། བརྐོས་རིས་དེ་དག་ཉུང་མཐའ་ཡང་ལོ67800ཡི་སྔོན་ནས་ཡོད་པས། སྔོན་ཆད་གསར་རྙེད་བྱུང་བའི་ཆེས་གནའ་བོའི་བརྐོས་རིས་ལས་ལོ1100ཙམ་གྱིས་སྔ་བ་རེད། ས་ཁུལ་ཁ་ཤས་སུ་དུས་སྐབས་མི་འདྲ་བ་གཉིས་ཀྱི་གསར་རྩོམ་རི་མོ་རྙེད་པ་དང་བར་ཐག་ལོ35000ཙམ་ཡོད་པས། དེས་གསར་བསྒྱུར་ས་རབས་ཀྱི་དུས་མཇུག་ཏུ་རྒྱུན་རིང་བོའི་སྒྱུ་རྩལ་གྱི་སྲོལ་རྒྱུན་གནས་པ་མཚོན། བརྐོས་རིས་འདི་དག་གི་ཁྲོད་དུ་ལག་མཐིལ་གྱི་པར་རིས7དང་སྨུག་མདོག་གི་ཚོན་རྩིས་བྲིས་པའི་མིའི་གཟུགས་དབྱིབས(ཉུང་མཐའ་ཡང་ལོ3900ཡི་སྔོན་དུ་བྲིས)ཤིག་འདུས་ཤིང་། དེ་ནི་ས་ཁོངས་དེའི་ཆེས་སྔ་བའི་གླིང་ཕྲན་ལྷོ་མའི་མི་རིགས་རིག་གནས་མཚོན་པའི་དཔང་རྟགས་ཡིན་སྲིད།
       གསར་རྙེད་དེ་དག་གིས་སྔ་དུས་ཀྱི་མིའི་རིགས་ཀྱི་བརྐོས་རིས་སྒྱུ་རྩལ་གྱི་དུས་སྐབས་དང་ལོ་རྒྱུས་ལ་ཆ་འཕྲིན་མཁོ་འདོན་བྱས་པར་མ་ཟད། སྔ་དུས་མཚོ་ངོགས་སུ་མཚོ་འགྲུལ་བྱས་ཏེ་ཧྭ་ལའེ་ཧྲི་ས་ཁུལ་གྱི་བྱང་རྒྱུད་གླིང་ཕྲན(ཨོ་སི་ཁྲུ་ལི་ཡ་དང་ཨེ་ཤ་ཡ་བར་གྱི་འབྲེལ་འདྲིས་ས་ཁོངས)བརྒྱུད་པའི་དཔང་རྟགས་ནུས་ལྡན་མཁོ་འདོན་བྱས་ཡོད། ཞིབ་འཇུག་ཚོགས་པས་ཁོ་ཚོ་བརྒྱུད་པའི་ལམ་བུ་དེའི་ཁྲོད་ད་དུང་རྙེད་མེད་པའི་གནའ་བོའི་བརྐོས་རིས་ཡོད་ཅིང་། དེས་ཨོ་སི་ཁྲུ་ལི་ཡའི་བྱང་རྒྱུད་ཀྱི་སྔ་དུས་ཀྱི་རི་མོའི་གོ་རིམ་གྱི་འབྱུང་ཁུངས་དང་ལོ་ཁམས་ལ་རྒྱུས་ལོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་ངོས་འཛིན་བྱེད་དོ། །
འབྲེལ་ཡོད་འོས་སྦྱོར།