གླིང་སྒྲུང«སྟག་གཟིག་ནོར་འགྱེད»ཀྱི་པར་མ་རྩ་ཆེན་ཞིག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2026-02-28
ཀློག་གྲངས།:
ཉེ་དུས། སྨྱུག་འཛིན་པས་སྡེ་དགེ་རྫོགས་ཆེན་བེེ་ཌཱུརྱ་གསོ་དཔྱད་གླིང་དུ་བཙུགས་པའི་གཉན་པོ་གསང་བའི་རིག་མཛོད་ཁང་དུ་རྟོག་ཞིབ་བྱེད་སྐབས། བོད་ཀྱི་དཔེ་རྙིང་རྩ་ཆེན་མང་པོ་མཇལ་བ་མ་ཟད། གླིང་སྒྲུང«སྟག་གཟིག་ནོར་འགྱེད»ཀྱི་པར་མ་རྩ་ཆེན་ཞིག་ཀྱང་མཇལ་བའི་གོ་སྐབས་བྱུང་།

གཉན་པོ་གསང་བའི་རིག་མཛོད་ཁང་ནི་བོད་ཡིག་དཔེ་རྙིང་རྩ་ཆེན་བཞུགས་སའི་དམངས་ཁྲོད་ཀྱི་དཔེ་མཛོད་ཁང་ཞིག་ཡིན། དེ་ཡང་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་སྔ་འགྱུར་རྙིང་མའི་རྫོགས་ཆེན་དགོན་འདབས་སུ་གནས་ཤིང་། སྤྱི་ལོ2005ལོར་བེེཌཱུརྱ་གསོ་དཔྱད་གླིང་གི་འགན་འཁུར་བ་སྐུ་ཞབས་གུར་དགའ་མཆོག་ནས་བཞེངས་སྐྲུན་གནང་བ་ཞིག་ཡིན། རིག་མཛོད་ཁང་དུ་ཐུན་མོང་དང་ཐུན་མིན་སོགས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་སྐོར་དང་། བྱེ་བྲག་ཏུ་གླེགས་ཤིང་དང་གླེགས་ཐག་དཔེ་སྒྲོམ་དཔེ་ཆ་སོགས་ཤུལ་བཞག་རིག་དངོས་མང་པོ་སྲུང་སྐྱོབ་ཉར་ཚགས་བྱས་ཡོད་ཅིང་།བོད་ཀྱི་རྩ་ཆེའི་དཔེ་རྙིང་ཉར་ཚགས་སྲུང་སྐྱོབ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་རིགས་རིག་གནས་ཞིབ་འཇུག་བྱ་རྒྱུར་ལེགས་སྐྱེས་འབུལ་བཞིན་ཡོད།
གླིང་སྒྲུང«སྟག་གཟིག་ནོར་འགྱེད»ནི་རྫོགས་ཆེན་པདྨ་རིག་འཛིན་གྱིས་བསྒྲིགས་པའི་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་གྲགས་ཆེ་བ་ཞིག་ཡིན་ཞིང་། གླིང་སྒྲུང་ནོར་འགྱེད་ནང་“དེ་ཡང་གནམ་གྱི་དང་པོ་ལ། ཕ་རྫོང་སྟག་གཟིག་ཆམ་ལ་ཕབ། ནང་ལ་དངོས་གྲུབ་ནོར་གཡང་བླངས། རྫོང་རབ་བདུན་གྱི་དང་པོ་ཡིན། གཏེར་ཁ་བརྒྱ་ཡི་ཡང་སྙིང་ཡིན། དངོས་གྲུབ་འདི་ལས་ཆེ་བ་མེད་”ཅེས་པ་ལྟར། གླིང་གེ་སར་རྒྱལ་པོས་རྫོང་ཆེན་བདུན་གྱི་ཐོག་མ་སྟག་གཟིག་ནོར་རྫོང་ཕབ་ནས་རི་ལྟར་སྤུངས་པའི་གསེར་དངུལ་ཟངས་ལྕགས་དང་རི་ཀླུང་ཁེངས་པའི་རྟ་ནོར་ལུག་གསུམ་སོགས་ཧ་ལས་དགོས་པའི་མི་ནུབ་སྟག་གཟིག་ཡུལ་གྱི་ནོར་གཡང་དངོས་གྲུབ་བླངས་ནས་ནོར་འགྱེད་བཏང་བ་དང་བོད་ལ་བཞག་པ་གནང་བའི་སྐོར་བརྗོད་པ་ཞིག་ཡིན།

གླིང་སྒྲུང་འདིར་ད་བར་པར་གཞི་མི་འདྲ་བ་མང་པོ་མཇལ་དུ་ཡོད་ཅིང་། ད་རེས་གཉན་པོ་གསང་བའི་རིག་མཛོད་ཁང་དུ་མཇལ་བའི་ཤིང་བརྐོས་པར་མ་ཁ་བྱང་རྒྱས་པར«འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ལས་སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འགྱེད་བཏང་སྐོར་བཞུགས་སོ»ཞེས་པ་ནི་བོད་ལྗོངས་འཇོ་མདའ་རྫོང་སྤོ་ལུ་དགོན་དུ་བརྐོས་པའི་པར་མ་ཞིག་ཡིན། དེ་ཡང་ཞིབ་འཇུག་ལས་རིགས་ནས་འཇོ་མདའ་སྤོ་ལུ་པར་མ་ཞེས་གཙིགས་ཆེན་དུ་འཛིན་གྱི་ཡོད།

སྒྲུང་དཔེ«སྟག་གཟིག་ནོར་འགྱེད»ནི་བོད་རིགས་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་གླིང་སྒྲུང་ཞིག་ཀྱང་ཡིན་ཞིང་། སྔར་བོད་ཀྱི་འབྲོག་ཁུལ་སོགས་སུ་ནོར་གཡག་སོགས་ལ་བརྗེས་ནས་རང་ཁྱིམ་དུ་ཕྱྭ་གཡང་འབོད་བྱེད་དུ་སྒྲུང་དཔེ་འདི་བསླུ་སྲོལ་ཡོད་པ་དང་། ཕྱིས་སུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྔ་ཕྱིར་ལྕགས་པར་དཔར་ཐེངས་གསུམ་ཙམ་བྱས་པ་སོགས་ལས་གླིང་སྒྲུང་འདིར་དགའ་པོ་ཇི་ཙམ་བྱེད་པ་རགས་ཙམ་མཐོང་ཐུབ།
འབྲེལ་ཡོད་འོས་སྦྱོར།
