logo

སན་ཞིང་ཏུའེ་ནས་གནམ་ལྕགས་ཡོ་ཆས་ཐོག་མར་རྙེད་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-05-13 ཀློག་གྲངས།:
       ཉེ་ཆར། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་རྟེན་སློབ་གླིང་དང་སི་ཁྲོན་ཞིང་ཆེན་རིག་རྫས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་རྒྱལ་སྤྱིའི་རིག་གཞུང་དུས་དེབ«ཨེ་ཤ་ཡའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག»ཅེས་པའི་སྟེང་མཉམ་འབྲེལ་སྒོས་སྤེལ་བའི་དཔྱད་རྩོམ་ལས་སན་ཞིང་ཏུའེ་ཨང་རྟགས7པའི་མཆོད་འབུལ་དུར་ཁུང་ནས་གནམ་ལྕགས་ཡོ་ཆས་རྙེད་ཚུལ་བསྒྲགས་པ་རེད།
མཆོད་འབུལ་དུར་ཁུང་ཨང་རྟགས7པ། (རྒྱུ་ཆའི་འདྲ་པར)
       དཔྱད་རྩོམ་དེ་སན་ཞིང་ཏུའེ་ཨང་རྟགས7པའི་མཆོད་འབུལ་དུར་ཁུང་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་སྣེ་འཁྲིད་མཁན་དང་སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་རྟེན་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་ཧའེ་ཁྲའོ། དེ་མིན་སི་ཁྲོན་ཞིང་ཆེན་རིག་རྫས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རན་ཧུང་ལིན་སོགས་མཁས་པ་ཚོས་ཐུན་མོང་ཐོག་བྲིས་པ་ཞིག་རེད། ལི་ཧའེ་ཁྲའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་གནའ་རྫས་རྟོག་ཞིབ་རུ་མིས་སན་ཞིང་ཏུའེ་མཆོད་འབུལ་དུར་ཁུང་ཨང་རྟགས7པར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱེད་སྐབས། ཤར་གྱི་རྩིག་ལྡེབས་ཀྱི་ལྷོ་ངོས་སུ་དུར་མཐིལ་དང་དྲང་འཕྱང་དུ་གནས་པའི་ནར་དབྱིབས་རྣམ་པའི་ཡོ་ཆས་སམ་མཚོན་ཆ་ཞིག་རྙེད་ཅིང་། དེའི་རིང་ཚད་ལ་ལི་སྨི20.05དང་ཞེང་ཚད་ལ་ལི་སྨི5.27ནས7.90བར་ཡོད་པ་དང་། ཕར་བལྟས་ཚོད་ཀྱིས་སྟ་རེ་དང་འདྲ་བའི་ཡོ་ཆས་རིང་མོའི་དབྱིབས་ཤིག་ཡིན་མོད། འོན་ཀྱང་གཡའ་བསླད་ཚབས་ཆེ་བས་ཡོ་ཆས་ཀྱི་ཚུགས་ཀ་དབྱེ་འབྱེད་བྱེད་དཀའ་བར་སྣང་། ཡོ་ཆས་ཉར་ཚགས་བྱས་པ་མི་ལེགས་པའི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ། སྔོག་འདོན་ཚོགས་པས་ཡོ་ཆས་དང་དེའི་མཐའ་འཁོར་གྱི་ས་རྡོ་མཉམ་དུ་གཅོད་གཏུབ་བྱས་ནས། དངོས་བཤེར་ཁང་དུ་བསྐྱལ་ཏེ་རྗེས་མཐུད་སྲུང་སྐྱོབ་དང་ཞིབ་འཇུག་བྱས་པ་རེད།
གོང་གི་རི་མོ་ནི་སན་ཞིང་ཏུའེ་མཆོད་འབུལ་དུར་ཁུང་ཨང་རྟགས7པའི་གནས་ཡུལ་གྱི་མཚོན་རིས་ཡིན་པ་དང་། འོག་གི་རི་མོ་ནི་གསར་རྙེད་བྱུང་བའི་གནམ་ལྕགས་ཀྱི་ཆག་རོ་ཁག་ཅིག་ཡིན།(རྒྱུ་ཆའི་འདྲ་པར)
       དངོས་བཤེར་ཁང་གིས་དབྱེ་ཞིབ་བྱས་པ་བརྒྱུད། ཞིབ་འཇུག་ཚོགས་པས“ཡོ་ཆས་ལྐོག་གྱུར་མ”དེ་ནི་གནམ་ལྕགས་བཟོས་རྫས་ཡིན་པ་ངོས་འཛིན་བྱས་ཤིང་། དེ་ནི་ད་ལྟའི་བར་དུ་ཀྲུང་གོའི་ལྷོ་ནུབ་ས་ཁུལ་ནས་གསར་རྙེད་བྱུང་བའི་གནམ་ལྕགས་ཀྱི་རིག་རྫས་སྔ་ཤོས་ཡིན་ལ། མིག་སྔར་ཀྲུང་གོའི་ལི་ཆས་དུས་རབས་སུ་ཤེས་རྟོགས་བྱུང་བའི་རིགས་མཚུངས་རིག་རྫས་ཁྲོད་ཀྱི་བོངས་ཚད་ཆེ་ཤོས་ཤིག་ཀྱང་ཡིན།
       ལི་ཧའེ་ཁྲའོ་ཡིས“ལྕགས་ཆས་ཉེར་སྤྱོད་བྱས་པ་ལས་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་མཚོན་པ་དང་། འདི་ནི་སན་ཞིང་ཏུའེ་ནས་གནམ་ལྕགས་ཡོ་ཆས་ཐོག་མར་གསར་རྙེད་བྱུང་བ་ཞིག་རེད། མིས་བཟོས་ལྕགས་སྦྱངས་ཐོན་རྫས་ཤིག་མིན་རུང་། རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་མེས་པོ་ཚོས་ལྕགས་ཀྱི་རིགས་ལ་ངོས་འཛིན་དང་བེད་སྤྱོད་བྱས་པ་མངོན་ཡོད”ཅེས་བཤད།
       མིག་སྔའི་བར་དུ་ཀྲུང་གོས་གསར་རྙེད་བྱུང་བའི་གནམ་ལྕགས་རིག་རྫས་མང་ཆེ་བ་བྱང་ཕྱོགས་ཀྱི་པེ་ཅིན་དང་ཧོ་ནན། ཧོ་པེ་སོགས་སུ་གཅིག་འདུས་ཀྱི་རྣམ་པར་གནས་ཡོད་པ་དང་། ལྷོ་ཕྱོགས་ས་ཁུལ་དུ་ཧུའུ་པེ་ཡི་ཡེ་ཅ་རི་བོའི་དུར་ས་གཅིག་པུ་ལས་རྙེད་མེད། དབུས་ཐང་ས་ཁུལ་གྱི་རྒྱུན་མཐོང་གི་ལི་ཆས་དང་གནམ་ལྕགས་འདྲེས་སྦྱོར་ཡོ་ཆས་དང་མི་འདྲ་སྟེ། སན་ཞིང་ཏུའེ་ལས་གསར་དུ་རྙེད་པའི་གནམ་ལྕགས་ཡོ་ཆས་ནི་གནམ་ལྕགས་རྐྱང་མའི་བཟོས་རྫས་ཡིན་པས། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ལྕགས་རིགས་བཙོ་སྦྱང་ལག་རྩལ་མངོན་ཡོད། ཡོ་ཆས་ཉར་ཚགས་བྱས་པ་ཅུང་ཞན་པས་བྱེད་ནུས་བརྡར་ཤ་གཅོད་དཀའ་མོད། འོན་ཀྱང་གནམ་ལྕགས་ཡོ་ཆས་ཀྱི་མཁྲེགས་ཚད་ཅུང་མཐོ་བ་དེ་སན་ཞིང་ཏུའེ་ལི་ཆས་སྟེང་དུ་ལུགས་བརྒྱབ་རྗེས་གཅོད་འབྲེག་དང་ལས་སྣོན་བྱེད་པའི་སྣང་ཚུལ་དང་འབྲེལ་བ་ཡོད་མེད་ལ་ད་དུང་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱ་འོས།
       ཐེངས་འདིར་གསར་རྙེད་བྱུང་བ་དང་ཞིབ་འཇུག་བྱས་པ་དེས་ས་ཁོངས་ལྕགས་རིགས་བཙོ་སྦྱང་ལོ་རྒྱུས་ཀྱི་ཞན་ཆ་གལ་ཆེན་བསྐངས་པ་དང་། སྔ་དུས་ཀྱི་གནམ་ལྕགས་ཡོ་ཆས་ཉེར་སྤྱོད་ཀྱི་ཁོངས་བརྒལ་བར་ཁྱད་ལ་ཤེས་རྟོགས་བྱེད་པར་དངོས་པོའི་གཞི་འཛིན་ས་གསར་བ་འདོན་སྤྲོད་བྱས་ཡོད། མིག་སྔར་རིག་རྫས་ཉིད་གནམ་རྡོའི་ཚོགས་ཀྱི་རིགས་གང་ལ་གཏོགས་པ་ད་དུང་གཏན་ཁེལ་བྱས་མེད་པ་དང་། རྗེས་སོར་ཞིབ་འཇུག་གིས་གནམ་ལྕགས་ཀྱི་འབྱུང་ཁུངས་གསལ་བར་གཏོང་བ་དང་བསྡོངས་ནས་དེའི་བྱེད་ནུས་དང་ངོ་བོ་སྔར་བས་འཚོལ་ཞིབ་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།