བོད་ལྗོངས་ཀྱིས་གནའ་ཤུལ་སྤྱི་གླིང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2026-06-16
ཀློག་གྲངས།:
ཟླ6པའི་ཚེས13ཉིན། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནས་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆུ་གོང་གནའ་ཤུལ་དུ་སྤེལ། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ཤིང་། ཆུ་གོང་གི་གནའ་ཤུལ་དང་། འོན་ཅང་དོའི་གནའ་ཤུལ། ཁ་རུབ་ཀྱི་གནའ་ཤུལ། མ་བུ་མཚོའི་གནའ་ཤུལ། ལ་ཕབ་ཀྱི་གནའ་ཤུལ་བཅས་མིང་ཐོའི་ནང་དུ་ཚུད།

ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་གནའ་རྫས་རྟོག་ཞིབ་བྱ་ཡུལ་གནའ་ཤུལ་གལ་ཆེན་དག་སྲུང་སྐྱོང་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་ཆེད། གནའ་ཤུལ་ཆེན་པོ་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཞིབ་དཔྱད་བྱས་པ་བརྒྱུད། གོང་གསལ་གྱི་གནའ་ཤུལ་ལྔ་པོ་དེ་དག་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་ཁག་དང་པོར་གཏན་འཁེལ་བྱས། ད་ཐེངས་ཀྱི་དཔྱད་འདེམས་ཀྱིས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་གི་རྗེས་མཐུད་འཛུགས་སྐྲུན་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས། དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གནའ་ཤུལ་ལ་ཞིབ་འཇུག་དང་། འགྲེམས་སྟོན། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ཐོག་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་ཕན་འདོགས་པར་བྱ་རྒྱུ་རེད།བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་གཞོན་པ་ཀྲའོ་ཤིང་པང་གིས། གོམ་སྟབས་རྗེས་མར་རིག་དངོས་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་དང་། རིག་ནུས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་། རིག་དངོས་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་བགྲོད་ལམ་བཅས་དེ་བས་མང་བ་བསྐྲུན་ཐོག རིག་དངོས་མཛོད་ཁང་ནས་ཐོན་ཏེ། སྡེ་ཁུལ་དང་སློབ་གྲྭ དགོན་སྡེ་བཅས་སུ་ཁྱབ་པར་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་འདྲེས་པར་བྱ་དགོས་ཞེས་བརྗོད།
ཐེངས་འདིའི་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དེས། བོད་ལྗོངས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བཀོལ་སྤྱོད་ཐད་གོམ་པ་གལ་ཆེན་སྤོས་པ་མཚོན་ཞིང་། བོད་ལྗོངས་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གནའ་ཤུལ་གྱི་སྲུང་སྐྱོང་འགྲེམས་སྟོན་དང་སྤྱི་པའི་རིག་གནས་ཞབས་ཞུར་དཔེ་སྟོན་སྣེ་ཁྲིད་མཁོ་འདོན་བྱ་རྒྱུ་ཡིན།
འབྲེལ་ཡོད་འོས་སྦྱོར།
