ཕོ་བྲང་པོ་ཏ་ལའི་བོད་ཤོག་དང་དཔེ་ཆ་འབོར་ཆེན་ཞིག་ཉམས་བཟོ་བྱས་འདུག
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-06-17
ཀློག་གྲངས།:
ཉེ་ཆར་འཚོགས་པའི་ཕོ་བྲང་པོ་ཏ་ལའི་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་བགྲོ་གླེང་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2018ལོ་ནས་རྣམ་གྲངས་འགོ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར1.104བཏང་ཞིང་། མིག་སྔར་དུས་ཐེངས་དང་པོ་དང་གཉིས་པའི་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། དུས་ཐེངས་གསུམ་པའི་ལས་དོན་བརྟན་པོ་སྤེལ་བཞིན་ཡོད། དེས་མ་ཚད“ཡོངས་ཁྱབ་ཞིབ་བཤེར་བྱས་ནས་ཡིག་ཚགས་བཟོ་བ་དང་། ཚན་རྩལ་ལ་བརྟེན་ནས་སྲུང་སྐྱོབ། མྱུར་སྐྱོབ་དང་ཉམས་གསོ། གྲངས་གཞི་ཅན་གྱི་ཉར་ཚགས། ཞིབ་འཇུག་དང་བེད་སྤྱོད”བཅས་གཞི་གཅིག་ཅན་གྱི་ལས་ཀའི་མ་ལག་ཅིག་བཏོད་པ་དང་ད་ལོའི་ལོ་མཇུག་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དཀའ་ངལ་དུ་མ་ཁྱད་བསད་བྱས་པས། དུས་ཐེངས་གསུམ་པའི་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་སྟེ། ཏ་ལའི་ལོ་མའི་དཔེ་ཆ་ལོ་མ208ལ་ཚོད་ལྟའི་རང་བཞིན་གྱི་ཉམས་གསོ་དང་། ཏ་ལའི་ལོ་མའི་དཔེ་ཆ་ལོ་མ685ལ་གཙོ་གནད་དུ་ཉམས་གསོ། བོད་ཤོག་རིག་དངོས་ཀྱི་དཔེ་ཆ་ལོ་མ་ཁྲི1.04ལྷག་ཙམ་ལ་ཉམས་གསོ་བཅས་བྱས་པ་མ་ཟད། ལོ་མ་ཁྲི1.5ཟིན་པའི་ཏ་ལའི་ལོ་མའི་དཔེ་ཆ་དང་ལོ་མ་ཁྲི9ཟིན་པའི་པར་མ་གལ་ཆེན«བཀའ་བསྟན་འགྱུར»གྱི་དཀར་ཆག་བསྒྲིགས་ཤིང་། ལོ་མ་ཁྲི3.6ཟིན་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་ལ་ཕབ་ཡོད། གཞན་ཡང་། ཏ་ལའི་ལོ་མའི་དཔེ་ཆའི་ནང་དོན་འཚོལ་བསྡུ་དང་ཡིག་རིས་གསལ་འབྱེད་ཀྱི་མཉེན་ཆས་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།

«ཏ་ལའི་ལོ་མའི་དཔེ་ཆ་ཉམས་གསོའི་ལག་རྩལ་གྱི་ཚད་གཞི(འཆར་ཟིན)»དང«བོད་ཤོག་རིག་དངོས་ཉམས་གསོའི་ལག་རྩལ་གྱི་ཚད་གཞི(འཆར་ཟིན)»རྩོམ་སྒྲིག་ཟིན་པ་དང་སྦྲགས། དཔེ་ཆ་ཉར་ཚགས་ཁང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ཇུས་འགོད་བྱས་ནས་ཚད་ལྡན་ཅན་གྱི་ཉམས་གསོ་ཁང་དང་། གྲངས་འཛིན་ཅན་གྱི་བཤར་འབེབས་ཁང་། གཙོ་གནད་ཚོད་ལྟ་ཁང་བཅས་བཙུགས་ནས། གནའ་དཔེར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་གི་མ་ལག་བསྐྲུན་ཡོད། དེ་དང་ཆབས་ཅིག ཤེས་ལྡན་པའི་ཆེད་དོན་འཆར་གཞི་ལག་བསྟར་དང་། གསོ་སྐྱོང་བྱེད་སྟངས་གསར་གཏོད། མཐོ་སློབ་དང་མཉམ་དུ་དངོས་སྦྱོང་རྟེན་གཞི་བསྐྲུན་ནས་ཆེད་ལས་བྱང་ཆུབ་ཅིང་ལག་ལེན་ལ་མཁས་པའི་ས་གནས་དེ་གའི་གནའ་དཔེ་སྲུང་སྐྱོབ་དཔུང་ཁག་ཅིག་བཏོད་ཡོད།
འབྲེལ་ཡོད་འོས་སྦྱོར།
