ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་འོད་མདངས་གསར་པ་སྤྲས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-07-29
ཀློག་གྲངས།:
ཟླ7པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི“རྨ་ཀླུང་སྔོན་མོའི”ཡུལ་སྐོར་རྒྱུད་ཀྱི་རེབ་གོང་རིག་གནས་ཁྱམས་རིང་དང་། ཐུན་རིན་གྲོང་ཁྱེར་གྱི་སྐབས་གཉིས་པའི“བྱ་ཁྱུང་གངས་རི་བུམ་པའི”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དྲུག་པའི་ཀླུ་རོལ་འཁྲབ་སྟོན་དང“འཛམ་གླིང་ཐང་ག་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་ཡུལ་སྐོར་དུས་གཞུང་གི་མགྲོན་འགུག་བྱ་འགུལ་བཅས་སྤེལ།

བྱ་འགུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་། སྡེ་བ24ཡི་འགྲན་ཞུགས་རུ་ཁག་རྒྱན་བླངས་པའི་གོ་རིམ་ལྟར་སླེབས་ཤིང་། སྡེ་བ་སོ་སོས་སྐར་མ་གཅིག་རིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱས་ཏེ། རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དར་ཆ་དང་སྲོལ་རྒྱུན་རྒྱན་གོས་སོགས་ངོམ། འགྲན་སྡུར་གྱི་ནང་དོན་གཙོ་བོ་སྤེལ་སྐབས། སྡེ་བ་སོ་སོའི་རུ་ཁག་གིས་གོ་རིམ་ལྟར་སྲོལ་རྒྱུན་དམངས་སྲོལ་གྱི་འགྲེམ་སྟོན་རྫོགས་པར་བྱས་ལ། དཔྱད་འདེམས་པས་འཁྲབ་སྟོན་གྱི་གཅིག་གྱུར་རང་བཞིན་དང་སྒྱུ་རྩལ་རང་བཞིན། རིག་གནས་རྒྱུན་འཛིན་གྱི་ཆ་བཅས་ལ་གཞིགས་ནས་ཡུལ་དངོས་ནས་སྐར་མ་བྱིན། འགྲན་སྡུར་གྱི་རྗེས་སུ་ཡུལ་དངོས་ནས་ཨང་རིམ་བསྒྲགས་པར་མ་ཟད་བྱ་དགའ་ཐོབ་པའི་རུ་ཁག་ལ་བྱ་དགའ་བསྩལ། བྱ་འགུལ་དེ་དང་མཉམ་དུ་མི་སྟོང་ཕྲག་གི་སྐོར་བྲོ་འཁྲབ་སྟོན་ཡང་སྤེལ་ནས། དམངས་ཁྲོད་ཀྱི་རིག་རྩལ་རུ་ཁག་མཉམ་དུ་བསྡུས་ཏེ་སྐོར་བྲོ་འཁྲབ།

ཐེངས་འདིའི་བྱ་འགུལ་གྱིས་དམངས་སྲོལ་རྩལ་འགྲན་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར། མི་རིགས་མཉམ་འདྲེས་བཅས་གཅིག་ཏུ་འདུས་པར་བྱས་ཏེ། མུ་མཐུད་དུ་རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་དང་རེབ་གོང་རིག་གནས་ཁྱམས་རིང་གི་འཛུགས་སྐྲུན་ལ་རོགས་ཤུགས་བཏོན་ལ། “འཛམ་གླིང་ཐང་ག་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མིང་བྱང་དེ་ལ་གྲགས་པའི་སྙན་པ་སྤུར་ཏེ། མཐོ་སྒང་དམངས་སྲོལ་གྱི་འགུག་ཤུགས་དང་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འཆམ་མཐུན་གྱི་སྣང་བརྙན་གསོན་ཉམས་དང་ལྡན་པར་མངོན། །

འབྲེལ་ཡོད་འོས་སྦྱོར།
