ཟླ་བའི་གོ་ལའི“གཏེར་རིས”གསར་ཤོས་ལ་ལྟ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-08-14
ཀློག་གྲངས།:
ཟླ་བའི་ལྷ་མོའི་ལས་གྲྭ་སོགས་རྟོག་འཇལ་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས། རང་རྒྱལ་གྱིས་ཟླ་བ་ཧྲིལ་བོའི་ས་གཤིས་དཔེ་རིས1:ཁྲི500ཅན་བཟོས་པ་དེས་ཟླ་བའི་གོ་ལའི་ལོ་རྒྱུས་ལ་མ་ལག་རང་བཞིན་གྱི་བསྐྱར་འབྲི་དང་ཞིབ་ཚགས་ཅན་གྱི་ཞིབ་འབྲི་ཐེངས་ཤིག་བྱས་པས། “རི་མོའི་རྗེས་སྙེག་པ”ནས“སྒྲིག་སྲོལ་བཟོ་བའི”བར་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བར་མ་ཟད། ད་དུང་ཟླ་བའི་གོ་ལའི་སྟེང་གི“ཆེས་ཕུན་སུམ་ཚོགས་པའི་ས་རིམ”ཡང་བསྒྲགས་པ་རེད།

1:ཁྲི500ཅན་གྱི་ཟླ་བ་ཧྲིལ་བོའི་ས་གཤིས་རི་མོ། (པར་རིས་ནི་ཀྲུང་གོ་ས་གཤིས་ཚན་རིག་གླིང་ས་གཤིས་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པ་ཡིན།)
ཟླ་བའི་གོ་ལའི་ས་གཤིས་ལོ་རྒྱུས་བསྐྱར་འབྲི་བྱས་པ་སྟེ། ཞིབ་ཚགས་ཅན་དང་མ་ལག་ཅན་དུ་བཏང་བ།

ཟླ་བའི་གོ་ལ་ཧྲིལ་བོའི་རྡེག་དོང་གི་ཁྱབ་ཚུལ་རི་མོ། (པར་རིས་ནི་ཀྲུང་གོ་ས་གཤིས་ཚན་རིག་གླིང་ས་གཤིས་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པ་ཡིན།)
པར་གཞི་གསར་བའི་ས་གཤིས་རི་མོས་ཟླ་བའི་གོ་ལའི་གནའ་བོའི་རྩིས་མགོའི་ལོ་ཆེན་པོ་གསུམ་གྱི་ལོ་ཚོད་དབྱེ་མཚམས་གསར་སྒྱུར་བྱས་པ་དང་། ཟླ་བའི་ལྷ་མོ་ལྔ་པའི་ཟླ་བའི་ས་སྣག་དངོས་དཔེ་ལ་བརྟེན་ནས་ཟླ་བའི་གོ་ལར་ལོ་དུང་ཕྱུར20ཡི་སྔ་རོལ་དུ་མེ་རིའི་འགུལ་སྐྱོད་སྔར་བཞིན་ཡོད་པ་ར་སྤྲོད་བྱས་ནས། ཟླ་བའི་གོ་ལའི་ས་གཤིས་འགུལ་སྐྱོད་ཀྱི་དུས་ཡུན་ལོ་དུང་ཕྱུར10ལ་ཇེ་རིང་དུ་བཏང་། གཞི་གྲངས་འདི་དབྱེ་མཚམས་སུ་བྱས་ནས། རང་རྒྱལ་གྱིས་དུས་སྐབས་དེ་ཨེ་ལ་ཐོ་སུན་རབས་སྔ་མ་དང་ཨེ་ལ་ཐོ་སུན་རབས་ཕྱི་མ་ཞེས་གཉིས་སུ་དབྱེ་བ་ལེགས་འགྲུབ་བྱུང་ཞིང་། ཀྲུང་གོའི་རང་བདག་ལོ་བརྟག་གཞི་གྲངས་དེ་ཐེངས་དང་པོར་ཟླ་བའི་གོ་ལ་ཧྲིལ་བོའི་ས་གཤིས་ལོ་རབས་རེའུ་མིག་གི་སྒྲོམ་གཞི་གཙོ་བོའི་རྨང་རྡོ་གལ་ཆེན་དུ་གྱུར་ཡོད།
ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི“གཏེར་རིས”ཀྱི་གསང་བ་བརྟོལ་བ།

ཟླ་བའི་གོ་ལའི་ལྷོ་སྣེ-ཨའེ་ཁེན(SPA)གཤོང་སའི་ཡ་ཐིའེ་སུའུ་ཁྲང་བྲག་ཤུབས་ཀྱི་ཁྱབ་ཚུལ་རི་མོ། (པར་རིས་ནི་ཀྲུང་གོ་ས་གཤིས་ཚན་རིག་གླིང་ས་གཤིས་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པ་ཡིན།)
ཟླ་བའི་ལྷ་མོ་དྲུག་པའི་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་དཔེ་སྒྲུག་གཞི་གྲངས་ལ་བརྟེན་ནས། ས་གཤིས་དཔེ་རིས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་མེ་རི་དང་རྡུང་རྡེག་རིམ་འགྱུར་གྱི་ཤེས་རྟོགས་ཡོ་བསྲང་བྱས་ཏེ། ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་མེ་གྲུབ་བྲག་རྡོ་ནག་པོའི་འགུལ་སྐྱོད་ཀྱི་ལོ་རྒྱུས་ཆ་ཚང་ཟིན་ཐོར་བཀོད་ཡོད། ཁོ་ལི་ཕུའུ(KREEP)བྲག་རྡོ་ལ་ཟླ་བའི་གོ་ལའི“ཆེས་ཕུན་སུམ་ཚོགས་པའི་ས་རིམ”ཞེས་འབོད་པ་དང་། དེར་ས་དཀོན་དང་ཡུ་སོགས་འཐབ་ཇུས་ཐོན་ཁུངས་འདུས་ལ། དེའི་ཁྱབ་ཁོངས་ནི་སྔོན་མའི་བརྡར་ཤ་བཅད་པ་ལས་ཆེས་ཆེར་བརྒལ་བ་དང་། ཟླ་བའི་གོ་ལའི་ཐོན་ཁུངས་གསར་སྤེལ་བྱེད་པར་འགག་རྩའི་གཞི་འཛིན་ས་མཁོ་འདོན་བྱས།
རྒྱུ་སྐར་ས་གཤིས་དཔེ་རིས་བཟོ་བའི་ཁྱབ་ཁོངས་ལ་ཀྲུང་གོའི་ཚད་གཞི་གསར་བ་ལྡན་པ།

ཟླ་བའི་གོ་ལའི་ས་གཤིས་དཔེ་རིས་འཇའ་ཁུགས། (པར་རིས་ནི་ཀྲུང་གོ་ས་གཤིས་ཚན་རིག་གླིང་ས་གཤིས་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པ་ཡིན།)
འདི་ནི་ས་གཤིས་དཔེ་རིས་ཙམ་མ་ཡིན་པར། ཀྲུང་གོའི་རང་བདག་གི་རིས་དཔེའི་ཚད་གཞི་ཞིག་ཀྱང་ཡིན།
ས་ཁྲ་འདི་བཀྲམ་ན་རིང་ཚད་ལ་སྨི2.8ཙམ་དང་། མཐོ་ཚད་ལ་སྨི1.2ཙམ་ཡོད་ཅིང་། རིས་འགྲེམས་ཆེན་པོ་ཞིག་དང་འདྲ་སྟེ། དེའི་སྟེང་དུ་རྡེག་དོང13519དང་རྡེག་གཤོང81བཀོད་ཡོད་པ་དང་། མཚོན་རྟགས་རེ་རེ་དང་ཁ་དོག་རེ་རེ་རང་རྒྱལ་གྱི་ཚད་གཞི་ལྟར་བྱས་ཡོད།རིས་ཚུལ་རིས་དཔེ་དང་ཚོན་འགོད་ཚད་གཞི་འདིས་མ་འོངས་པར་རང་རྒྱལ་གྱིས་སྐར་མ་མིག་དམར་དང་རྒྱུ་སྐར་ཆུང་བ་སོགས་གནམ་གཟུགས་ཀྱི་ས་གཤིས་དཔེ་རིས་བཟོ་བར་ཞབས་ཕྱི་སྒྲུབ་ཐུབ་པར་མ་ཟད། ཕྱི་རྒྱལ་གྱི་ཚད་གཞིའི་མ་ལག་ལ་བརྟེན་པ་ལས་གཡོལ་ཐུབ།
འབྲེལ་ཡོད་འོས་སྦྱོར།
