logo

བོད་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ༡༡༠འཁོར་བ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-08-21 ཀློག་གྲངས།:
ལོ་ངོ་སྟོང་གི་གསོ་རིག་རྒྱུན་འཛིན། 
བགྲང་བྱ་བརྒྱ་ཡི་སྨན་རྩིས་དར་སྤེལ།

       ཟླ8ཚེས19ཉིན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཀྲུང་གོའི་སྨན་པའི་དུས་ཆེན་སྐབས་དགུ་པ་དང་། སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ110འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་ཡོད།
       ཉིན་དེའི་སྔ་དྲོར། རྒྱལ་ཁབ་རིམ་པའི་གསོ་རིག་སློབ་དཔོན་ཆེན་མོ་དང་། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་གྲགས་ཅན། བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་བ་རིག་པའི་མཁས་དབང་བསླབ་པ་རྒན་གྲས། དེ་བཞིན་རྒན་ཡོལ་ཞུས་པའི་ལས་བཟོའི་འཐུས་མི་བཅས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དབུ་ཁྲིད་རྣམ་པའི་ཕེབས་རོགས་འོག སྨན་རྩིས་ཁང་གི་གནས་ཤུལ་རྙིང་པ་དང་། སྒོ་བསྟེན་སྨན་ཁང་། ནད་སྡོད་སྡེ་ཚན། སྨན་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་། གསོ་རིག་འགྲེམས་སྟོན་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་པ་རེད། ཁོང་རྣམ་པས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ110སོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་མིག་དང་། བོད་ལུགས་གསོ་བ་རིག་པའི་རྒྱུན་འཛིན་ལ་རྗེས་དྲན་གནང་བ་མ་ཟད། སྨན་རྩིས་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་སྨན་བཅོས་ཁོར་ཡུག་བཅས་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཡོད།
       ཉིན་དེའི་ཕྱི་དྲོར། རྟེན་འབྲེལ་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་དབྱངས་རྟའི་ཁྲོད་དངོས་སུ་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དབུ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་དང་སྦྲགས། སྨན་རྩིས་ཁང་གི་དུས་རབས་གཅིག་ལྷག་གི་འབད་འཐབ་ལམ་བུར་ཕྱིར་དྲན་དང་། སྨན་དོན་མི་སྣ་མི་རབས་ནས་མི་རབས་ཀྱིས་དཀའ་སྤྱད་མདུན་མཆོང་གནང་བར་བསྔགས་བརྗོད་གནང་བ། དེ་བཞིན་མ་འོངས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལའང་བཀོད་སྒྲིག་གནང་ཡོད།  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་ཀྱིས་གསུང་བཤད་གནང་སྐབས། སྨན་རྩིས་ཁང་གིས་ལོ་ངོ110ཡི་རིང་བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཕྱིས་འབྱུང་གི་འཕེལ་རྒྱས་ལའང་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད།
       དེ་མིན་རྟེན་འབྲེལ་ཚོགས་ཆེན་ཐོག་ད་དུང་གཟེངས་བསྟོད་དང་མཁས་དབང་གདན་ཞུ། རིག་གཞུང་རྒྱུན་འཛིན་སོགས་ཀྱི་མཛད་སྒོ་རབ་དང་རིམ་པ་སྤེལ་བ་དང་། སྨན་རྩིས་ཁང་དུ་ཕྱག་ལས་གནང་ནས་ལོ་ངོ40ལྷག་སོང་བའི་མཁས་དབང་དང་ལས་བཟོ་པ་རྒན་གྲས་རྣམས་ལ་"ཕུལ་བྱུང་ལེགས་སྐྱེས་ཀྱི་གཟེངས་རྟགས་"སྤྲད་དེ། ཁོང་རྣམ་པས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ལུགས་གསོ་བ་རིག་པའི་འཐབ་ས་དང་པོར་དཀའ་སྤྱད་འབད་འཐབ་དང་། སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས་ཡོད། དེ་དང་ཆབས་ཅིག་སྨན་པའི་དུས་ཆེན་དང་ཟུང་འབྲེལ་གྱིས། སྔོན་ཐོན་མི་སྒེར་དང་ཚོགས་པ་ཁག་ཅིག་ལ་སྨན་བཅོས་སྤུས་ཚད་དོ་དམ་གྱི་བྱ་དགའ་དང་། ཕུལ་བྱུང་བོད་ལུགས་གསོ་བ་རིག་པའི་ནད་སྐྱོང་རུ་ཁག་གི་བྱ་དགའ། ཕུལ་བྱུང་སྨན་པའི་བྱ་དགའ་སོགས་གནང་སྟེ། ཁོང་རྣམ་པའི་ལས་སྒྲུབ་ཀྱི་སྤྲོ་སེམས་དང་སྙིང་སྟོབས་ལ་སྐུལ་ལྕག་གནང་ཡོད།
འབྲེལ་ཡོད་འོས་སྦྱོར།