logo

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བརྒྱད་པ་སྤེལ་བའི་གསལ་བརྡ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-09-02 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་སྟེང་། “སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ། ཏང་གི་མགོ་ཁྲིད་འོག་རྒྱལ་ཁབ་ལ་གཅེས་ཤིང་དགའ་བའི་རིག་རྩལ་ལས་དོན་མི་སྣ་ཁྱབ་ཆེ་བའི་སྒོ་ནས་མཐུན་སྒྲིལ་གཅིག་བསྡུས་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་རྩོམ་པ་པོ་དང་སྒྱུ་རྩལ་པ་སྐོར་ཞིག་གསོ་སྐྱོང་བྱེད་དགོས”པ་དང་། “བརྩམས་ཆོས་གསར་པ་གསར་རྩོམ་བྱེད་པའི་ཐད་ཤུགས་སྣོན་ཞིང་། བརྗོད་བྱ་དང་ནང་དོན། རྣམ་པ་དང་ཐབས་ལམ་ཐད་དུ་ཤུགས་བསྣན་ཏེ། འདུ་ཤེས་དང་ཐབས་རྩལ་ཟུང་དུ་འབྲེལ་ཞིང་། ནང་དོན་དང་རྣམ་པ་གཅིག་ཏུ་འདྲེས་ལ། སྒྱུ་རྩལ་གྱི་གྲུབ་རྒྱུ་དང་ཐབས་ཤེས་སྣ་ཚོགས་ཕན་ཚུན་གྲོགས་སུ་བསྡེབས་ནས། རྩོམ་རིག་བརྩམས་ཆོས་ལ་སྔར་བས་མཚར་ཉམས་ལྡན་ཞིང་ཡིད་དབང་འགུག་པར་བརྩོན་དགོས”ལ། “མི་དམངས་ནི་གསར་རྩོམ་གྱི་འབྱུང་ཁུངས་ཡིན་པས། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱས་ན། ད་གཟོད་གསར་རྩོམ་གྱི་འཛད་མཐའ་མེད་ཅིང་རྫོགས་པ་མེད་པའི་འབྱུང་ཁུངས་རྙེད་པར་འགྱུར”ཞེས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། སྐྱེ་ཁམས་ལ་སོགས་པའི་འཕེལ་རྒྱས་དང་འགྱུར་ལྡོག་མངོན་པར་མཚོན་པ། དེ་མིན་བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ། བོད་ཀྱི་རྩོམ་རིག་ལས་དོན་གོང་དུ་སྤེལ་བ། སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་འདྲ་མཉམ་གྱི་སྟེགས་བུ་ཞིག་བསྐྲུན་པ་བཅས་ལ་དམིགས་ནས། མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལོ་ངོ2རེའི་ནང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཐེངས་གཅིག་རེ་སྤེལ་བཞིན་ཡོད་ལ། ད་ལོ་ཡང་མུ་མཐུད་དེ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བརྒྱད་པ་སྤེལ་རྒྱུ་ཡིན་པས། འགྲན་ཞུགས་རྩོམ་པ་པོ་ཀུན་གྱིས་ངེས་དགོས་པའི་དོན་ཚན་ཁག་གཤམ་ལྟར།
       གཅིག རྒྱལ་ཡོངས་ཀྱི་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་བཞིན་པའི་རྩོམ་མཁན་ཡོངས་ཞུགས་ཆོག
       གཉིས། རྗོད་བྱེད་ཀྱི་ཚིག་འབྲེལ་ཆགས་ཤིང་ཡིག་ནོར་མེད་པ་དང་། བསམ་བློའི་ཟབ་རྒྱ་ཡངས་ཤིང་སྒྱུ་རྩལ་གྱིས་ཕྱུག་པ། མི་གཤིས་མངོན་པར་དོད་པ་བཅས་ཡིན་དགོས་ལ། བརྗོད་བྱར་ཚད་བཀག་མེད་ཀྱང་ཡིག་འབྲུ4000(ཧི་གཟུགས་ལྟར)ལས་བརྒལ་མི་རུང་།
       གསུམ། གཞན་རྩོམ་རྐུ་བཤུ་སོགས་གཏན་ནས་བྱ་མི་ཆོག་ལ། གཞུང་སྒེར་གྱི་ཚགས་དེབ་དང་དྲ་བར་བཀོད་ཟིན་པའི་བརྩམས་ཆོས་ཡིན་ཚེ(གལ་ཏེ་འདི་ག་ཚགས་པར་དུ་བཀོད་ཀྱང་ཚགས་དེབ་གཞན་དུ་སྤེལ་ཟིན་པ་ཤེས་ཚེ་འགྲན་སྡུར་ནང་མི་ཚུད)སྤེལ་རྒྱུ་མིན།
       བཞི། 2026ལོའི་ཟླ9པའི་ཚེས1ཉིན་ནས་དངོས་སུ་སྤེལ་མགོ་རྩོམ་རྒྱུ་ཡིན་པ་དང་། 2028ལོའི7པའི་ཚེས31ཉིན་སྤེལ་མཚམས་འཇོག་རྒྱུ་ཡིན། དེའི་རིང་དུ་འབྱོར་བའི་འགྲན་ཞུགས་བརྩམས་ཆོས་རྣམས་ལས་རྩེ་གྲ་དག་རྩོམ་ཡིག་འབྱོར་བའི་དུས་ཀྱི་སྔ་གཞུག་ལྟར«མཚོ་སྔོན་བོད་ཡིག་ཚགས་པར»སྟེང་དུ་སྤེལ་རྒྱུ་ཡིན།
       ལྔ། 2028ལོའི་ཟླ8པར། ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔྱད་འདེམ་གཟབ་ནན་བྱ་རྒྱུ་ཡིན། བྱ་དགའི་རིམ་པ་ལ། ཨང་དང་པོ་གཅིག་སྟེ་བྱ་དགའི་དངུལ་སྒོར10000(ཁྲལ་འདུ)ཡིན། ཨང་གཉིས་པ་གཉིས་ཏེ་སྒོར8000(ཁྲལ་འདུ)ཡིན། ཨང་གསུམ་པ་གསུམ་སྟེ་སྒོར6000(ཁྲལ་འདུ)ཡིན།
       དྲུག འགྲན་ཞུགས་བརྩམས་ཆོས་རྣམས་ཆེད་དམིགས་ཀྱི་ཡིག་སྒམzhaxicairang5633@163.comནང་དུ་བསྐུར་དགོས་པ(རྩོམ་སྒྲིག་པའི་སྐད་འཕྲིན་དུ་བསྐུར་ན་དང་ལེན་བྱེད་རྒྱུ་མིན)དང་། རྩོམ་ཡིག་གི་མགོར་ངེས་པར“འགྲན་ཞུགས་བརྩམས་ཆོས”ཞེས་བྲི་དགོས་པར་མ་ཟད། རྩོམ་པ་པོའི་འབྲེལ་གཏུག་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས། དངུལ་བྱང་ཨང་གྲངས། ཐོ་ཁུངས་དངུལ་ཁང་གི་མིང་ཆ་ཚང(开户行全称)དང་བཅས་པ་བོད་རྒྱ་སྦྲགས་མས་གསལ་པོར་བཀོད་དེ་བསྐུར་རྒྱུ་ཐུགས་འཇགས་འཚལ།
       འབྲེལ་གཏུག་པ། ཨོའུ་རྒྱ་བཀྲ་ཤིས་ཚེ་རིང་།
       ཁ་པར། 0971-8457657   18380154042

མཚོ་སྔོན་བོད་ཡིག་ཚགས་པར་ཁང་།
2026ལོའི་ཟླ9པའི་ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།