logo

འབུམ་རམས་པ་སྟག་འབུམ་རྒྱལ་གྱིས་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པར་འཆད་ཁྲིད་གནང་བ།

རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-10 ཀློག་གྲངས།:

     མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པས་སློབ་སྲོལ་བཟང་བོ་འཛུགས་སྐྲུན་དང་རྒྱུན་འཁྱོངས་གཞིར་བྱས། སློབ་གྲོགས་ཚོའི་སློབ་སྦྱོང་ལ་བཟུང་བའི་འདུ་ཤེས་ལེགས་བསྒྱུར་དང་བརྩོན་འགྲུས་ཀྱི་རྟ་ཕོར་སྐུལ་ལྕག་ཐེབས་ཕྱིར་མུ་འབྲེལ་འཆད་ཁྲིད་ལམ་སྟོན་སྒྲོན་མེ་ཁག་ལྔ་བ“བརྩོན་འགྲུས་གྲོགས་དང་དཔུང་སྦྲེལ་ནས། །ཤེས་རིག་རྒྱལ་ཁམས་རྩལ་གྱིས་འགྲིམས། །”ཞེས་པ་སྤེལ་ཞིང་། ཐེངས་འདིའི་འཆད་ཁྲིད་ཀྱི་གདན་ཞུའི་སྐུ་མགྲོན་ནི་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་ཕུལ་བྱུང་མཐར་ཕྱིན་སློབ་མ། ཨ་རིའི་ཁོ་རོ་ར་རྡོ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་སྟག་འབུམ་རྒྱལ་རེད།

     འབུམ་རམས་པ་སྟག་འབུམ་རྒྱལ་ནི་སྤྱི་ལོ2008ལོར་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་པ་དང་། མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ནས་ཐེན་ཅིན་བཟོ་རྩལ་སློབ་གྲྭ་ཆེན་མོའི་གློག་རྡུལ་བཟོ་སྐྲུན་སློབ་གླིང་དུ་ཞུགས་པ་དང་། སྔ་ཕྱིར་ཐེན་ཅིན་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་མར་བདམས་ཐོན་བྱུང་། སྤྱི་ལོ2014ལོ་ནས2018ལོའི་བར་ཨ་རིའི་ཁོ་རོ་ར་རྡོ་གཙུག་ལག་སློབ་ཆེན་གྱི་གློག་རྡུལ་བཟོ་བ་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས་ཤིང་། ད་ལོའི་ཟླ་བ་བཅུ་བ་ནས་བཟུང་ཨ་རིའི་མ་ས་ཁྲོ་སའི་བཟོ་རྩལ་སློབ་གྲྭ་ཆེན་མོའི་གློག་རྡུལ་སྡེ་ཁག་ཏུ་འབུམ་རམས་པ་ཕྱི་མའི་བསླབ་གནས་ལ་སློབ་གཉེར་བྱེད་འཆར་ཡོད།
     ཁོས་སློབ་གྲྭ་འདིའི་རང་ཉིད་དྲིན་གྱིས་བསྐྱངས་པའི་དགེ་རྒན་རྣམས་ལ་བཀའ་དྲིན་དང་སློབ་གྲོགས་ཚོར་འཚམས་འདྲི་དང་བཅས། ཐོག་མར་སློབ་གྲོགས་ཚོར་མི་ལོ་བཅུ་ཕྲག་ལྷག་གི་རིང་ཇི་ལྟར་སློབ་སྦྱོང་བྱས་པ་དང་སློབ་སྦྱོང་གི་སྒུལ་ཤུགས་སུ་གྱུར་བའི་སྟོབས་གང་ཡིན་པ། རང་གི་ཕུགས་འདུན་དང་གདམ་ག་གང་ལྟར་བྱས་པ། སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་རང་ཉིད་ལ་འཕྲད་པའི་དཀའ་ཁག་དང་དེ་དག་ཇི་ལྟར་སེལ་བའི་གནས་ཚུལ་ཇི་བཞིན་ངོ་སྤྲོད་བྱས་ཏེ་སློབ་གྲོགས་རྣམས་ལ་ནམ་རྒྱུན་རང་ཉིད་ཀྱི་དམིགས་བྱ་དང་ཕུགས་འདུན་གསལ་བའི་ངང་ཆོད་སེམས་བརྟན་པོས་སློབ་སྦྱོང་བྱེད་དགོས་པ་དང་། སློབ་སྦྱོང་ལ་འཆར་གཞི་དང་བཅས་བརྩོན་སེམས་བྱེད་དགོས་པར་སྐུལ་མ་བྱས།

     དེར་མཐུད་ནས་ཁོས་སློབ་གྲོགས་རྣམས་ལ་ཁྱོད་ཚོ་ནི་མ་འོངས་པའི་དུས་ཡུན་ཞིག་གི་ནང་གཟའ་སྐར་གཞན་གྱི་སྟེང་ལ་བགྲོད་པ་དང་ནད་དུག་གི་གཉེན་པོ་སྨན་རྫས་མང་པོ་བཟོ་བ། སེམས་ཅན་ཀུན་ལ་ཕན་པའི་དངོས་རྫས་གསར་བཟོ་སོགས་ཀྱི་སྔོན་མེད་ཀྱི་གསར་གཏོད་ཆེན་པོས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས་པའི་ལག་རྗེས་འཇོག་མཁན་དག་ཡིན་པར་ཡིད་ཆེས་དང་རེ་བ་ཆེ་ཚུལ་བརྗོད་དེ། དེ་ཡང་རང་ཉིད་ལ་རེ་བ་དང་ཕུགས་བསམ་ཡོད་ན་མི་འགྲུབ་པ་ཞིག་གཏན་ནས་མིན་ཚུལ་ཁོའི་སློབ་གྲོགས་དང་འཛམ་གླིང་གི་མི་སྣ་གྲགས་ཅན་སོགས་ཀྱི་དཔེ་གསོན་པོ་དྲངས་ནས་སློབ་གྲོགས་ཚོར་སྐུལ་མ་གང་ལེགས་བྱས།
     མཐར་སློབ་གྲོགས་ཚོས་ཁོ་ལ་སློབ་སྦྱོང་གི་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ཁག་སོགས་ཇི་ལྟར་སེལ་བའི་རིགས་ཀྱི་དྲི་བ་བཏོན་པ་སྟེ། དྲི་བ་དྲིས་ལན་གྱི་ཁྲོད་ནས་སླར་ཡང་ཁོའི་མི་ཚེའི་བཤུད་ལམ་ལ་དྲན་གསོ་དང་ཉམས་མྱོང་བརྗེ་རེས་ཀྱིས་འཆད་ཁྲིད་ཡོངས་སུ་རྫོགས་པར་བྱས། ཐེངས་འདིའི་འཆད་ཁྲིད་ཀྱིས་ཀྱང་སློབ་གྲོགས་ཚོའི་བརྩོན་སེམས་ལ་ཡིད་ཆེས་བསྣན་ཞིང་ཕུགས་བསམ་གང་མང་ཞིག་ལ་འགྱུར་བ་བཏང་ནས་མི་ལ་བརྩོན་འགྲུས་ལྡན་གྱུར་ན་འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་ལེགས་བཤད་ལ་ངེས་ཤེས་ཟབ་མོ་འདྲོངས་ཏེ་སྔར་ལས་ལེགས་པའི་སྒོ་ནས་སློབ་ལ་བརྩོན་པའི་སེམས་ཤུགས་ཆེ་ཆེར་བསྐྱེད་དོ།།


འབྲེལ་ཡོད་འོས་སྦྱོར།